༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༢༦ དགོང་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ས་གནས་བོད་རིགས་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་བཅས་ཐུན་མོང་གིས་ཐེ་ཝན་རང་དབང་ཐང་ཆེན་དུ། རང་ལོ་ ༡༨ ལ་སོན་པ་བོད་རྔ་བ་མཛོད་དགེ་རྫོང་ནས་ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་བོད་མི་རིགས་དང་། བོད་ཀྱི་བསྟན་པ་ཆབ་སྲིད་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ནས་བདུན་ཚིགས་དང་པོ་འཁེལ་བའི་ཉིན་མོར་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་འདུག
དེ་ཉིན་གཙོས་གསེར་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ཐེ་ཝན་དུ་གནས་སྡོད་བོད་མི་སེར་སྐྱ་མི་མང་དང་། བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་མཁན་ཐེ་ཝན་མི་མང་བཅས་ཁྱོན་མི་གྲངས་ལྔ་བཅུ་ལྷག་མཉམ་འཛོམས་གནང་སྟེ། རང་དབང་ཐང་ཆེན་དུ་ད་བར་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་འདྲ་པར་མདུན་མཆོད་མེ་བརྒྱ་ཚར་བཤམས་ཏེ་བཟང་སྤྱོད་སྨོན་ལམ་དང་། སྤྱོད་འཇུག་སྨོན་ལམ། སངས་རྒྱས་ཀྱི་གཟུངས་སྔགས། མི་ཎི་ཡིག་དྲུག་སོགས་གསོག་འདོན་གྲུབ་རྗེས། བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཆོད་འབུལ་སྨོན་ལམ་མཇུག་སྒྲིལ་གནང་ཡོད་པ་བཅས།།