༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས།འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༧༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཐེ་ཝན་ནང་གཙོ་བོ་ཆོས་ཕྱོགས་ཀྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་ལོ་ལྟར་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་ནང་ཆོས་ཀྱི་ནང་དོན་འབྲེལ་བའི་རོལ་དབྱངས་མཚན་ཚོགས་གོ་སྒྲིག་གནང་གི་ཡོད། དེ་ཡང་ཟླ་བ་གཅིག་གི་སྔོན་ཐེ་པེ་གྲོང་ཁྱེར་ས་འོག་རི་ལིའི་ཁང་མིག་གྲངས་ ༣༣༠ ནང་༸གོང་ས་མཆོག་གི་སྐུ་པར་མཉམ་མཚན་ཚོགས་ཀྱི་ཁྱབ་བསྒྲགས་དང་། དེ་བཞིན་ཐེ་ཝན་གྱི་རླུང་འཕྲིན་བཅས་ནང་ཁྱབ་བསྒྲགས་རྒྱ་ཆེ་སྤེལ་ཡོད་པ་རེད། ཕྱི་ཟླ་ ༧ ཚེས་ ༤ ཉིན་ཉ་རིགས་ཚེ་ཐར་གྱི་དགེ་བའི་ལས་བཅས་སྤེལ་བ་མ་ཟད། ཕྱི་ཚེས་ ༦ དགོང་དྲོ་མཚན་ཚོགས་དངོས་གཞིར་ཇི་ལྟར་ལོ་གཅིག་སྔོན་ནས་གསོལ་འདེབས་དང་ཞལ་བཞེས་བཀའ་བཟང་ཐོབ་པ་ལྟར། ༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་ནས་ཐད་ཀར་དྲ་རྒྱའི་བརྙན་འཕྲིན་བརྒྱུད་ཐེ་ཝན་མི་མང་ལ་བཀའ་སློབ་གནང་ཐུབ་པ་བྱུང་བ་དང་། ཚོགས་ཁང་ནང་གི་མི་མང་རྣམས་ལ་༸གོང་ས་མཆོག་གི་ཞལ་ངོ་མ་མཇལ་བ་ལྟ་བུའི་དགའ་འཚོར་བྱུང་བ་མ་ཟད། ཚོགས་ཞུགས་ཡོངས་ནས་ལག་གཉིས་ཐད་མོ་སྦྱར་ཏེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་མི་མང་རྣམས་དགའ་བའི་མིག་ཆུ་ལྷུང་བ་བྱུང་ཡོད། དྲ་རྒྱ་བརྒྱུད་༸གོང་ས་མཆོག་གི་བཀའ་སློབ་ཐད་གཏོང་ཞུས་པ་ཐེངས་དང་པོ་ཆགས་ཡོད། མཚན་ཚོགས་མཇུག་སྒྲིལ་སྐབས་དོན་གཅོད་ལས་ཁུངས་ནས་ཁྱབ་སྤེལ་གཏོང་བཞིན་ཡོད་པའི་ལག་དེབ་སྔོན་པོ་ངོ་སྤྲོད་གནང་བ་དང་། མཐའ་མ་ཚོགས་ཞུགས་ཡོངས་ཡར་བཞེངས་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་འཛམ་གླིང་ཐོག་འབྱུང་བའི་གནོད་འཚེ་ཞི་བ་དང་། ༸གོང་ས་མཆོག་གིས་དབུས་རིས་མེད་བླ་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བརྟན་པ། བོད་ཀྱི་རང་དབང་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་མགྱོགས་ནས་མྱུར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་སོགས་གསོལ་བ་སྨོན་ལམ་བཏབ་སྟེ་མཚན་ཚོགས་མཇུག་སྒྲིལ། དེ་ཉིན་མི་གྲངས་སུམ་སྟོང་ལྷག་གཤོངས་བའི་ཞབས་སྟེགས་ཆ་ཚང་ཁེངས་ཟིན་ནས། མི་མང་ཧ་ཅང་མང་པོ་ཞིག་ཚོགས་ཁང་ནང་འཛུལ་མ་ཐུབ་སྟབས། ཉེན་སྲུང་མི་སྣས་ཚོགས་ཁང་གི་ཁྱམས་རྭའི་ནང་ལྷགས་པའི་མི་མང་རྣམས་ཕྱིར་ལོག་དགོས་པའི་བརྡ་དེད་གཏོང་དགོས་བྱུང་ཡོད།འདི་ལོ་ནི་སྐབས་ལྔ་པའི་མཚན་ཚོགས་ཡིན་པ་རེད།
གཞན་ཡང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་གོ་སྒྲིག་གིས་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཐེ་པེ་གྲོང་ཁྱེར་དང་། ཕྱི་ཟླ་ ༧ ཚེས་ ༧ ཉིན་ཐེ་ཀྲུང་གྲོང་ཁྱེར་ཆེ་ཁག་གཉིས་ནང་༸གོང་ས་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་ཞབས་བརྟན་སྨོན་ལམ་རྒྱ་ཆེ་ཁག་གཉིས་གོ་སྒྲིག་ཞུས་ཡོད་པར། ཐེངས་གཉིས་ཀར་མི་གྲངས་ཆིག་སྟོང་བརྒལ་བ་མཉམ་ཞུགས་གནང་ཡོད།
ཕྱི་ཟླ་ ༧ ཚེས་ ༦ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་དུང་རྒྱ་གླིང་གིས་སྔོན་བསུས་ཏེ་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་ཐོག་གདན་ཞུས་དང་། སྨོན་ལམ་གསུང་འདོན། བཞུགས་ཁྲི་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་གྲུབ་རྗེས། ཐོག་མར་བོད་རིགས་ཚོགས་པའི་ཚོགས་གཙོ་ནས་འདས་པའི་ལོ་ཤས་རིང་ཐེ་ཝན་ནང་བོད་དོན་ལས་འགུལ་སྤེལ་བ་འདྲ་པར་གྱི་ཐོག་ནས་ལས་བསྡོམས་ངོ་སྤྲོད་དང་། ཚོགས་པའི་བྱུང་སོང་རྩིས་ཁྲ་ཞིབ་ཁྲ་སྒྲོགས་སྦྱང་གནང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྐུའི་འཁྲུངས་སྐར་གྱི་གསུང་བཤད་ནང་། ༸གོང་ས་མཆོག་གི་མཛད་འཕྲིན་སྙིང་བསྡུས་དང་། བོད་བརྒྱུད་ནང་ཆོས་ལ་དད་པ་ཡོད་མཁན་ནང་པ་རྣམས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པ་སྟེ་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་དང་། ༸གོང་ས་མཆོག་ལ་ཚད་ལས་འདས་པའི་མཚན་སྨད་བྱེད་མཁན་གྱི་ཚོགས་པ་དབར་ཕན་ཚུན་ཁྲིམས་གཏུགས་ཡོད་པ་ཚང་མ་དོན་གཅོད་ལས་ཁུངས་ལ་ཁྲིམས་ཐོག་ནས་དྲང་བདེན་གྱི་རྒྱལ་ཁ་ཐོབ་པའི་མཇུག་འབྲས་སྙིང་བསྡུས་ངོ་སྤྲོད་གནང་མཐར་དུས་་རྒྱུན་དུ་བོད་མིར་རྒྱབ་སྐྱོར་གནང་མཁན་འབྲེལ་ཡོད་ཁག་ལ་ཐུགས་རྗེ་ཆེ་ཞུས།
སྐུ་མགྲོན་གྱི་གསུང་བཤད་ལས་རིམ་གྲུབ་རྗེས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་དེབ་སྐྱེལ་གནང་མཁན་ཆོས་ཚོགས་སོགས་སྡེ་ཚན་ཁག་ ༣༤ ལ་ཐུགས་རྗེ་ལེགས་འབུལ་ཞུ་ཆེད། གསར་དུ་ཕྱོགས་སྒྲིག་གནང་བ་སྟེ་དབུས་སུ་༸གོང་ས་མཆོག་གི་སྣང་བརྙན་དང་། སྟེང་དུ་བདག་ཅག་གི་སྟོན་པ། མཐའ་སྐོར་དུ་བོད་བརྒྱུད་ཆོས་བརྒྱུད་རིས་མེད་སྲོལ་གཏོད་མཛད་མཁན་རྣམས་ཀྱི་སྣང་བརྙན།ཞབས་སུ་ཇི་ལྟར་གསོལ་བ་འདེབས་པ་བཞིན་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱོགས་སྒྲིག་མཛད་པའི་གོང་གསལ་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་བསྟོད་ཚིགས་འཁོད་པའི་ཞལ་ཐང་རེ་ལེགས་འབུལ་གནང་། དོན་གཅོད་ལས་ཁུངས་ཀྱི་སློབ་མ་རྣམས་ཀྱིས་༸གོང་ས་མཆོག་ལ་བསྟོད་དབྱངས་འབུལ་ལམ་ཞུས་རྗེས་ཉིན་གུང་གསོལ་ཚིགས་དང་མཉམ་དུ་བསྟོད་དབྱངས་སོགས་གཟིགས་འབུལ་ཞུས་པ་བཅས་སྐུའི་འཁྲུངས་སྐར་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་བཅས།།