༢༠༡༣ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། ། བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་ཆབ་མདོ་ཁུལ་ཚ་བ་དཔའ་ཤོད་རྫོང་དུ་རང་ལོ་ ༢༠ ཙམ་ལ་སོན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་བར་བརྟེན་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་གོང་ཚེས་ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་ཉིན་མོ་ཡིན་པ་ལྟར། བོད་ཁུལ་གྱི་རྒན་དར་གཞོན་གསུམ་མང་པོར་ཏང་ནང་ཞུགས་པའི་དམ་བཅའ་འཇོག་ཏུ་བཅུག་པ་དང་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་བྱས་ཡོད་སྟབས། ཉིན་དེའི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་ཁམས་ཆབ་མདོ་ཁུལ་ཚ་བ་དཔའ་ཤོད་རྫོང་ཐོག་ཏུ་གཞས་སྣ་འཁྲབ་སྟོན་བྱེད་བཞིན་པའི་སྐབས། གྲོང་གསར་དགོན་པའི་དགེ་འདུན་པ་བློ་བཟང་དགེ་འདུན་ལགས་ཀྱིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་དབང་རང་བཙན་ཡིན། ཞེས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གནང་རྗེས། ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། གྲོང་གསར་དགོན་དུ་ཉེན་རྟོག་པ་དང་དམག་མི་མང་པོ་བསླེབས་ཏེ་དམ་བསྒྲགས་བྱེད་འགོ་བཙུགས་ཡོད་ཀྱང་། ད་ལྟའི་ཆར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད།
ཁོང་ནི་ཚ་བ་དཔའ་ཤོད་རྫོང་དཀྱིལ་དག་ཤང་འགུ་རབས་གྲོང་ཚོ་ནས་ཡིན་པ་དང་། ཕ་མིང་ལ་སྐལ་བཟང་དང་མ་མིང་ལ་དཔལ་འཛོམས་བརྗོད་ཀྱི་འདུག་ཅིང་། ཁོང་གི་སྐྱ་མིང་ལ་རྒྱ་རྡོ་དང་ཆོས་མིང་ལ་བློ་བཟང་དགེ་འདུན་བརྗོད་ཀྱི་ཡོད་འདུག་པ་བཅས། །