༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་རང་ལུས་མེ་སྲེག་གི་དོན་རྐྱེན་མཚམས་འཇོག་གི་ཐབས་ལམ་གཅིག་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་གྲོས་མོལ་མཇུག་སྐྱོང་གནང་རྒྱུ་དེ་ཡིན་སྐོར་གསུངས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༦ ཉིན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་བྷོབ་ཁར་ (Bob Carr) མཆོག་གིས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་ཚོང་ལས་སྡེ་ཚོགས་སུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་ཆབས་ཅིག་གསར་ལམ་ཁག་གཅིག་ནང་བོད་དོན་དང་ཧོང་ཀོང་སོགས་ཀྱི་གནད་དོན་སྐོར་གསུང་བཤད་གནང་འདུག
སྐབས་དེར་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐུགས་རེ་ཡོད་སྐོར་དང་འབྲེལ་གསུང་དོན། བོད་རྒྱ་གྲོས་མོལ་བྱས་པ་བརྒྱུད་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ན། དེས་བོད་རྒྱའི་དཀའ་རྙོག་སེལ་བ་ཙམ་མ་ཟད། བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་དེ་ཡང་མཚམས་ཆད་ཀྱི་རེད། ད་ལྟའི་ཆར་རྒྱ་ནག་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་ཞུ་དང་མ་ཞུས་དེ་པེ་ཅིང་གཞུང་ལ་ལྷག་བསམ་རྣམ་དག་ཐོག་ནས་གྲོས་མོལ་བྱ་འདུན་ཡོད་མེད་ལ་ཐུག་ཡོད།
དེ་བཞིན་བོད་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཚུད་ནས་མི་ལོ་ལྔ་བཅུ་ལྷག་སོང་མཚམས་ཕྱི་ལོ་ ༢༠༠༩ ལོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཕྱི་རྒྱལ་མི་སྣ་བོད་ནང་དུ་འགྲོ་བསྐྱོད་བྱ་རྒྱུར་བཀག་བསྡོམས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྷག་པར་ལོ་དེ་ནས་འགོ་འཛུགས་ཀྱིས་བོད་ནང་གི་བོད་མི་ ༡༢༠ ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད།
སྤྱིར་བཏང་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་ད་བར་རྒྱ་ནག་གཞུང་དང་མཉམ་འབྲེལ་བ་སྔ་རྗེས་གནང་བའི་ཁྲོད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཤུགས་ཆེན་གནང་ཡོད་ཁར། ང་ཚོས་བོད་ནང་དངོས་སུ་བསྐྱོད་ཐབས་ཀྱིས་བོད་ནང་གི་བོད་མི་དངོས་སུ་ཐུག་སྟེ་གླེང་མོལ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། མདོར་ན། བོད་རྒྱ་གཉིས་དབར་གྲོས་མོལ་བྱ་རྒྱུ་དེ་ནི་བོད་མིའི་རང་ལུས་མེར་སྲེག་མཚམས་འཇོག་བྱ་རྒྱུའི་ལྡེ་མིག་ལྟ་བུ་ཆགས་ཡོད། ཅེས་སོགས་གསུངས་འདུག །