༢༠༡༣ ཟླ་ ༧ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །འདི་ག་རྒྱ་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ་རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་ཞལ་བསྒྱུར་བ་དང་། ཕྱི་དྲོ་ཆུ་ཚོད་བཞི་པར་སྦེབ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ཉིན་མོ་སློབ་གྲར་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་ལུགས་ཟུང་བསམ་གྲུབ་གླིང་ཉིན་མོ་སློབ་གྲྭའི་རྩེད་ཐང་དུ་༧ཞབས་སོར་འཁོད་མ་ཐག ལག་ཏུ་དཀར་གཙང་མཇལ་དར་དང་བཀྲ་ཤིས་ཀྱི་རྫས་སྣ་ཚོགས་བསྣམས་ཏེ་ཕེབས་བསུར་བཅར་བའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་མཁན་པོ་དབུ་འཛིན་དང་། གཞིས་ཆགས་ཁག་གི་ས་གནས་འགོ་འཛིན། དད་ལྡན་མང་ཚོགས་སོགས་ཕེབས་བསུར་བཅར་ཡོད། དེ་བཞིན་ས་གནས་དེར་ཕེབས་བསུར་བཅར་བའི་རྒྱ་གར་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་འབྱོར་བར་ཧ་ཅང་དགའ་པོ་བྱུང། ད་ཐེངས་འདིར་ཡོང་དོན་གཙོ་བོ་ནི་གདན་ས་ཁག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་འདོད་པའི་དགེ་འདུན་པ་མང་པོ་ཞིག་ཡོད་པས། དེའི་ཆེད་དུ་འདིར་བཅར་བ་ཡིན། ཀ་ན་ཊ་ཀའི་མངའ་སྡེའི་སྲིད་གཞུང་འདི་ནི་ང་ཚོ་ཐོག་མར་སྐྱབས་བཅོལ་ལ་འབྱོར་ནས། རྒྱ་གར་ལྷོ་ཕྱོགས་སུ་གནས་ཚང་གཡར་བའི་སྐབས། དེ་དུས་ཀྱི་མངའ་སྡེའི་བློན་ཆེན་ནི་ཅར་ལིང་ག་པས་ང་ཚོར་ཧ་ཅང་གིས་མཐུན་འགྱུར་རོགས་རམ་ཆེན་པོ་གནངཡོད། དེ་ལ་བརྟེན་ནས་དེ་རིང་གི་གྲུབ་འབྲས་འདི་བྱུང་བ་རེད། དེ་འདྲ་སོང་ཙང་ངོས་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད།
དེ་ནས་༸གོང་ས་མཆོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆིབས་སྒྱུར་བསྐྱངས་ཡོད། ཉིན་མོའི་སློབ་གྲྭ་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆིབས་སྒྱུར་སྐབས་ཕེབས་ལམ་གཙང་སྦྲ་དོད་ལ། ལམ་འགྲམ་གཡས་གཡོན་དུ་སེར་ཕྲེང་བསྒྲིགས་པའི་དགེ་འདུན་པ་སྟོང་ཚོ་དྲུག་ཙམ་གྱིས་གདུགས་དང་རྒྱལ་མཚན་སོགས་བཀྲ་ཤིས་པའི་མཆོད་རྫས་སྣ་ཚོགས་ཐོགས་པ་དང་། མི་དམངས་སྟོང་ཚོ་མང་པོས་མེ་ཏོག་དང་དཀར་གཙང་མཇལ་དར་སོགས་ཁྱེར་ནས་༸གོང་ས་མཆོག་ལྷོ་ཕྱོགས་སུ༸ཞབས་སོར་འཁོད་པར་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུར་བཅར་ཡོད།
༧གོང་ས་མཆོག་སེ་ར་ཐེག་ཆེན་གླིང་དུ་༧ཞབས་སོར་འཁོད་སྐབས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་དང་སྦྲགས། སེ་ར་དགོན་པའི་བླ་སྤྱིའི་འདུ་ཁང་དུ་ཆིབས་བསྒྱུར་གནང་། དེ་ནས་བཞུགས་ཁྲིར་འཁོད་མཚམས། ས་གནས་སྦེལ་ཀོབ་གཞིས་མགོ་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དེར་འདུས་པའི་སེ་ར་དགོན་པའི་མཁན་པོ་འགན་འཛིན་དང་། ས་གནས་གཞིས་ཆགས་ཁག་གི་གཞིས་མགོ ས་གནས་གཞོན་ལྷན་འགན་འཛིན།ས་གནས་བུད་མེད་ཚོགས་པའི་དབུ་འཛིན། གཞིས་ཆགས་མཉམ་སྦྲེལ་ཚོགས་པའི་དབུ་འཛིན་སོགས་ལ་བཀའ་སློབ་མདོར་བསྡུས་སྩལ་དོན། ད་རེས་ངོས་རང་འདིར་ཡོང་དོན་གཙོ་བོ་ནི་འདིར་ཡོད་པའི་དགོན་པ་ཁག་གི་དགེ་འདུན་པ་སྟོང་ཚོ་གཅིག་ཟིན་ཙམ་གྱིས་བསྙེན་རྫོགས་སྡོམ་པ་འབོག་རྒྱུའི་གྲ་སྒྲིག་ཡོད་པ་ཚོའི་ཆེད་དུ་བཅར་བ་ཡིན་ལ། དེའི་ཞོར་དུ་ཟླ་བ་བདུན་པ་ཟིན་པ་ཡིན་དུས་ཡོངས་གྲགས་ངའི་སྐྱེས་སྐར་ཡང་འཁེལ་གྱི་ཡོད་པས། འདིར་རྟེན་འབྲེལ་ཙམ་བྱེད་རྒྱུ་རེད། དེ་ནས་ཧུན་སོར་དུ་ཡོད་པའི་རྫོང་མཁར་ཆོས་སྡེ་དང་རྒྱུད་སྨད་གཉིས་སུ་ཉིན་གྲངས་བཞིའི་རིང་གི་ཕྱག་ཆེན་གྱི་ཁྲིད་དང་དབང་སོགས་བསྩལ་རྒྱུ་རེད། ད་ལྟའི་བར་འདིར་ཡོད་མཁན་གྱི་མཁན་བླ་དགེ་འདུན་དང་གཞིས་ཆགས་བཅས་སོ་སོ་ནས་གང་ཡོང་ཅི་ཡོང་བྱས་ནས་དཀའ་ལས་བརྒྱབ་པ་ཡིན་དུས། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་བཀའ་སློབ་སྩལ་ཡོད། དེ་ནས་༧གོང་ས་མཆོག་བླ་སྤྱིའི་འདུ་ཁང་ནས་སེ་ར་བྱེས་པ་གྲ་ཚང་དུ་ཆིབས་སྒྱུར་བསྐྱངས་པ་དང་། དེར་འཁོད་པའི་སེ་ར་ཐེག་ཆེན་གླིང་གི་མཁན་པོ་དགེ་བཤེས་དང་། དེ་བཞིན་ཐའེ་ཝན་དང་སིངྒ་པུར། མ་ལེ་ཤི་ཡ་བཅས་ནས་ཕེབས་པའི་སྦྱིན་བདག་རྣམས་ལ་དབྱིན་སྐད་ཐོག་བཀའ་སློབ་སྙིང་བསྡུས་སྩལ་རྗེས་གཟིམ་ཆུང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།