༢༠༡༣ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་བླ་ན་མེད་པའིི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་དང་ལམ་སྟོན་འོག་དུས་ཀྱི་དགོས་མཁོ་འཚམས་པར་༼གཞུང་ཆེན་རིགས་གཅིག་རྐང་འཛིན་པའི་སློབ་ཡོན་སྒྲིག་གཞི།༽དེ་ཉིད་གཏན་འབེབས་གནང་ཡོད། དེའི་དགོངས་དོན་བྱེས་འཁོད་ཆོས་ལུགས་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསླབ་པ་མཐར་སོན་དགེ་འདུན་པ་རྣམས་ནས་གཞུང་གཅིག་གི་ཐོག་ཏུ་རིགས་གཅིག་རྐང་འཛིན་པ་ཐོན་རྒྱུའི་ལས་རིམ་གསར་གཏོད་བྱུང་ཡོད་པས། དེའི་ནང་ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དུས་ཚོད་དང་། ཆ་རྐྱེན་འོག་འཚང་སྙན་འབུལ་འཐུས།
སློབ་ཚན།
ཕར་ཕྱིན། དབུ་མ། མཛོད། རྣམ་འགྲེལ། འདུལ་བ། སྔགས།
སློབ་གཉེར་བ་དང་སློབ་ཡོན་གྱི་གྲངས་ཚད།
ལོ་རེར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སློབ་གཉེར་བ་བཅུ་རེ་དང་། ཇོ་ནང་ནས་ལྔ་བཅས་ཁྱོན་སློབ་གཉེར་བ་གྲངས་ ༥༥ འཛུལ་ཞུགས་ཆོག་པ་ཡིན། ཆོས་བརྒྱུད་སོ་སོའི་རྩེད་ཕུད་གཉིས་རེ་དང་། ཇོ་ནང་ནས་གཅིག་བཅས་ཁྱོན་སློབ་གཉེར་བ་བཅུ་གཅིག་གི་སློབ་ཡོན་ཆོས་རིག་ལས་ཁུངས་ནས་སྦྱོར་རྒྱུ། དེ་འཕྲོས་བཞི་བཅུ་ཞེ་བཞིའི་སློབ་ཡོན་དོ་བདག་སོ་སོས་ཐབས་འཚོལ་བྱ་རྒྱུ།
ཤེས་ཚད།
དགོན་སྡེ་སྒྲིག་འཛུགས་སོ་སོའི་ལམ་སྲོལ་ལྟར་དགེ་བཤེས་སམ་སློབ་དཔོན་དང་ཚད་མཉམ་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཡོད་པ་དང༌། དེའང་ཉུང་མཐར་བརྒྱ་ཆ་དྲུག་ཅུ་ལོན་པ་ཞིག་དགོས།
དགོས་ངེས་ཡིག་ཆ།
༡༽ དྭང་བླང་དཔྱ་དངུལ་འབུལ་དགོས་རིགས་ནས་དག་མཆན་འཁོད་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
༢༽ འབྲེལ་ཡོད་དགོན་སྡེའི་མཁན་པོའམ་དབུ་འཛིན་གྱི་རྒྱབ་གཉེར་ཡིག་ཆུང་ངོ་མ།
༣༽ དགེ་བཤེས་སམ་སློབ་དཔོན་གྱི་ཚད་མཉམ་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་དག་མཆན་འཁོད་པ།
སྙན་ཞུ་འབུལ་ཚེས་ཉིན་མཐའ་མ།
ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༦ ཡིན། དེ་རྗེས་འགེང་ཤོག་འབྱོར་རིགས་ངོས་བཞེས་གནང་རྒྱུ་མིན།
སྙ་ཞུ་འབུལ་ཡུལ།
བོད་མིིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས།
Secretary Department of Religion and Culture,
CTA P. O. Dharamsala 176215
District Kangra H. P. Email: [email protected], [email protected]
བོོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ལ།།
ཐུགས་སྣང་།
འགེངས་ཤོག་དགོན་སྡེ་སོ་སོའི་ལས་ཁུངས་སུ་སྔོན་ཕུལ་ཡོད་པ་ནས་ཞུ་འཐུས།
དགོས་ངེས་ཡིག་ཆ་ཚང་ཕུལ་འབྱོར་མ་བྱུང་ན་འགེངས་ཤོག་ངོས་ལེན་གནང་རྒྱུ་མིན།
ངོ་བཤུས་ཡིག་ཆར་ས་གནས་འགོ་འཛིན། མཁན་པོ། དབུ་འཛིན། གཞུང་ཞབས་ཟུང་དྲུང་ཡན་སུ་རུང་གིས་དག་མཆན་འཁོད་པ།