༢༠༡༣ ཟླ་ ༧ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་དོན། སྐྱབས་རྗེ་ཀིརྟི་རིན་པོ་ཆེས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་དང་བརྩེ་བའི་སློབ་ཕྲུག་རྣམ་པ། ཚང་མས་མཁྱེན་གསལ་བཞིན་བློ་ཕམ་པའི་གནས་ཚུལ་ཞིག་ལ་རང་ལོ་ ༡༨ ལ་སོན་པ་བོད་རྔ་བ་མཛོད་དགེ་རྫོང་ནས་ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༢༠ བྱུང་ཡོད་པའི་ཁོངས་ནས་ ༡༠༣ འདས་གྲོངས་སུ་གྱུར་ཡོད། ལོ་འདིའི་ནང་རང་ལུས་མེར་སྲེག་གཏོང་མཁན་ ༢༢ བྱུང་འདུག ང་ཚོ་ཚང་མས་གྲྭ་དཀོན་མཆོག་བསོད་ནམས་ལགས་དང་ཁོང་གི་ཕ་མ་སྤུན་མཆེད་རྣམས་ལ་སྨོན་ལམ་སྐྱོན་རོགས་གནང་ཞུ་རྒྱུ་དང་། ཆབས་ཅིག་ཉེ་ཆར་བོད་རྟའུ་ཁུལ་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་རྨས་སྐྱོན་ཕོག་པ། དེ་བཞིན་རྒྱ་གར་ཨུཏྟར་ཁཎྜ་མངའ་སྡེ་དང་། ཧི་མ་ཅལ་ནང་ཆུ་ལོག་ཆེན་པོ་བྱུང་སྟེ་མི་མང་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་བ་ཙམ་མ་ཟད། ཕལ་ཆེར་མང་པོ་ཞིག་འདས་གྲོངས་སུ་གྱུར་འདུག ཉེ་ཆར་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ནང་དུའང་ས་ཡོམ་བརྒྱབ་སྟེ་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད། དེར་བརྟེན་ཁོང་ཚོ་ཚང་མའི་ཆེད་དུ་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན།
སྤྱིར་བཏང་ཚང་མས་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་ཐོས་བྱུང་ཡོད་ངེས་རེད། རྒྱ་གར་སྤྱི་ཡོངས་དང་ཧི་མ་ཅལ་ནང་ལ་རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ནས་དམིགས་བསལ་ནང་ཆོས་དང་འབྲེལ་བའི་དགོན་སྡེ་ཁག་ལ་ཉེན་ཁ་ཡོད་པའི་བཀོད་ཁྱབ་བཏང་ཡོད། གནས་མཆོག་རྡོ་རྗེ་གདན་ལ་འཇིགས་སྐུལ་རིང་ལུགས་པས་མཆོད་རྟེན་གྱི་བྱང་ཆུབ་ལྗོན་ཤིང་ཉེ་འགྲམ་དང་བོད་པའི་དགོན་པ་བཅས་སུ་འབར་རྫས་གས་ཐོར་གྱི་གནས་ཚུལ་བྱུང་ཡོད། ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་གས་ཐོར་བྱུང་ཡུལ་དུ་ང་རང་བཅར་བ་ཡིན། གཞི་རྩའི་གནོད་སྐྱོན་ཆེན་པོ་བྱུང་མི་འདུག འོན་ཀྱང་ཉེན་ཁ་ཡོད་པ་ཚང་མས་མཁྱེན་གསལ་ཡིན་པས་ངེས་པར་དུ་གཟབ་གཟབ་གནང་རོགས་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་༸གོང་ས་མཆོག་གི་སྐུ་ཕྱྭ་གཙོས་དགོན་སྡེ་ཁག་ལ་སྲུང་སྐྱོབ་དང་བདེ་འཇགས་ཐོག་ནས་དམིགས་བསལ་ཐུགས་འཁུར་གནང་སྐྱོང་ཡོང་བའི་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་གནད་ཡོད་མི་སྣ་ཚོར་ཞུས་དང་ཞུ་མུས་ཡིན། རྒྱ་གར་གཞུང་ནི་ང་ཚོ་བོད་མིར་བཀའ་དྲིན་ཆེན་པོ་རེད།
ལྷག་པར་༸གོང་ས་མཆོག་གི་སྐུ་ཕྱྭར་དམིགས་བསལ་དོ་སྣང་གནང་གི་ཡོད། མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། གཙོ་ཆེ་ཤོས་གཞིས་ཆགས་མང་པོ་ཞིག་རྒྱ་གར་ཡུལ་མི་དང་ཁ་ཆེ་ཉེ་འབྲེལ་ཡོད་སྐབས་དུས་རྒྱུན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་ཀྱི་ཡུལ་མི་དང་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ཞུ་བཞིན་ཡོད། དེ་ངེས་པ་ཐུགས་ལ་བཅངས་བའི་ཐོག་ནས་རྒྱ་བལ་འབྲུག་གསུམ་ལ་དུས་རྟག་ཏུ་ཡུལ་མི་དང་མཐུན་སྒྲིལ་གནང་རོགས་ཞེས་ནན་ཏན་གྱིས་ཞུ་རྒྱུ་ཡིན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། མཐའ་དོན་གྲྭ་དཀོན་མཆོག་བསོད་ནམས་ལགས་དང་ཁོང་གི་ནང་མི་སྤུན་མཆེད་ཀྱིས་གཙོས་རང་ལུས་མེར་སྲེག་གནང་མཁན་ཚང་མའི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།