༢༠༡༣ ཟླ་ ༧ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་རྒྱ་གར་པུ་ནེ་ (Pune) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་གར་ནང་པའི་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཁུལ་དེར་ཆིབས༌སྒྱུར་བསྐྱངས་ཏེ་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༥ ཉིན་མཧཱ་རཱ་ཤི་ཊའི་གྲོང་ཁྱེར་ཆེ་གྲས་པུ་ནེར་༸ཞབས་སོར་འཁོད་རྗེས་ཁུལ་དེའི་རྒྱ་གར་ནང་པའི་དད་ལྡན་པ་ཁག་གཅིག་ལ་ཕྱི་ཚེས་ ༢༦ ནས་ ༢༧ ཉིན་གྲངས་གཉིས་རིང་ཆོས་འབྲེལ་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༨ ཉིན་གྲོང་ཁྱེར་དེའི་ནང་གི་ཧིན་ངྷུའི་བླ་ཆེན་ཝ་སི་ཝི་ནི་(Rev Dada JP Vaswani )མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པརྒྱུ་དང་འབྲེལ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་སྟེ་ཁུལ་དེའི་ཕོ་བྲང་ཞི་བའི་ཚལ་དུ་ཉིན་གྲངས་ ༢༠ ལྷག་རིང་སྐུ་མཚམས་ལ་བཞུགས་གནང་མཛད་རྒྱུ་ཡིན་འདུག