༢༠༡༣ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧུན་སུར་རབ་རྒྱས་གླིང་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་༸ཞབས་སོར་བདེ་བར་འཁོད་སྐབས། མོན་གྷོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་གཞིས་འགོ་བོད་རང་དབང་བདེན་པའི་ལས་འགུལ་ཁང་གི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་འབྲེལ་གཞུང་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་འབྲས་སྤུངས་བླ༌སྤྱིར་༸ཞབས་སོར་འཁོད་མཚམས་འབྲས་སྤུངས་ཀྱི་ཚོགས་ཆེན་སྒོ་འགྲམ་ནས་འབྲས་སྤུངས་ཀྱི་ཁྲི་པ་དང་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཐོག་འབྲས་སྤུངས་ཚོགས་ཆེན་ནང་གི་བཞུགས་ཁྲི་རིན་པོ་ཆེར་འཁོད་གྲུབ་མཚམས། མགོན་པོ་གང་མཆོག་ཉིད་ལ་མནྡྲལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཞལ་འདོན་ཁག་གསུང་འདོན་གནང་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་དགེ་འདུན་པ་རྣམས་པར་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདི་གར་ཡོང་དགོས་དོན་རྒྱུ་མཚན་གཙོ་བོ་ནི་དགེ་འདུན་པ་རྣམ་པར་བསྙེན་རྫོགས་བསྒྲུབ་རྒྱུ་དེ་ཡིན་པ་མ་གཏོགས་དེ་མིན་ཆོས་འབྲེལ་དེ་འདྲ་དམིགས་བསལ་གང་ཡང་མེད། མང་ཚོགས་ལ་གཅིག་བྱས་ན་ཚེ་དབང་ཆོས་འབྲེལ་གྱི་དུས་ཚོད་ཅིག་འཚོལ་རྒྱུ་ཡིན། དེ་སྔོན་ངོས་རང་འདི་གར་ཡོང་སྐབས་འདི་ནས་བསྙེན་རྫོགས་སྒྲུབ་འདོད་ཡོད་མཁན་མང་པོ་ཞིག་འདུག་ཅེས་རིན་པོ་ཆེས་ངོས་ལ་གསུངས་བྱུང།
སྤྱིར་བཏང་རྡ་སར་བསྙེན་རྫོགས་སྒྲུབ་ཀྱི་ཡོད་ཀྱང་ཕོན་ཆེན་པོ་དེ་འདྲ་རྡ་སར་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ལྷག་པར་གྲྭ་པ་གྲྭ་རྐྱང་གི་གྲས་དེ་དག་ལ་དཀའ་ངལ་ཡོད་ངེས་རེད། དེར་བརྟེན་དེ་རིང་འདིར་ཆེད་མངགས་རྡ་ས་ནས་ཡོང་སྟེ་བསྙེན་རྫོགས་བསྒྲུབ་རྒྱུ་བྱུང་ན་བསམ་བྱུང་། ཕྱི་ཟླ༌ ༧ པ་དང་ ༨ ངོས་རང་དུས་ཚོད་ཕྲན་བུ་ལྷོད་པོ་འདུག ཁ་སང་སེ་རར་དགེ་འདུན་ ༧༠༠ ཙམ་ལ་བསྙེན་རྫོགས་བསྒྲུབས་ཡོད། འདི་གར་བདུན་ཕྲག་གཅིག་གི་དུས་ཚོད་ཡོད་པས་རིམ་བཞིན་བསྙེན་རྫོགས་སྒྲུབ་ཀྱི་ཡིན། ཞེས་བཀའ་སློབ་སྩལ་ཡོད།
ལྷག་པར་ཕྱི་ཚེས་ ༡༨ ཉིན་མགོན་པོ་གང་ཉིད་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་དབུ་འཛུགས་ཀྱིས་བསྙེན་རྫོགས་སྒྲུབ་གནང་མཛད་རྒྱུ་ཡིན་འདུག དེ་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་བསྙེན་རྫོགས་སྒྲུབ་མཁན་གྱི་དགེ་འདུན་ཞལ་གྲངས་ ༣༢༦ དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཞལ་གྲངས་ ༢༧༣ ། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཞལ་གྲངས་ ༥༨ དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཞལ་གྲངས་ ༡༩༥ བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༨༥༢ ལ་བསྙེན་རྫོགས་སྒྲུབ་གནང་མཛད་རྒྱུ་ཡིན་འདུག་པ་བཅས། །