༢༠༡༣ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་འགན་འཛིན་བཀྲིས་ཚེ་རིང་ལགས་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་དབུས་འཛིན་སྐྱོང་སྡེ་ཚན་ཁག་གི་ལས་བྱེད་དང་ལས་སློབ་ཡོངས་ལྷན་འཛོམས་ཐོག་གཡུ་ཐོག་གསོལ་འདེབས་གསུང་འདོན་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་རྗེས་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས་དབྱིན་བོད་གཉིས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། བོད་རྒྱལ་ལོ་ ༢༠༤༣ རབ་བྱུང་བཅོ་ལྔ་པའི་ནང་ཚན་མེ་འབྲུག་ལོ། ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་སྟེ། སྐུའི་བླ་སྨན་པ་དང་། སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་མཛད་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་གི་དངོས་སློབ་མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་ཁང་དང་ལྕགས་པོ་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་འགན་འཛིན་གཅིག་ལྕོགས་གནང་དགོས་པའི་ཕྱག་རྟགས་ཕེབས། ཕྱི་ལོ་ ༡༩༤༧ ལོར་ཐེངས་ལྔ་པའི་སློབ་མ་བསྡུ་བཞེས་གསལ་བསྒྲགས་གནང་། ལོ་དེར་མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་བསྡུ་བཞེས་གནང་བའི་ཐོག་འབྲུག་དང་། ལ་དྭགས་བཅས་ནས་ཀྱང་བསྡུ་བཞེས་གནང་།
ཡ་ང་སྙིང་རྗེ་བྲལ་བའི་རྒྱ་དམར་གྱིས་དྲག་པོའི་འགལ་རྐྱེན་དུ་མ་ལ་བརྟེན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། བོད་མི་ཁྲི་ཁྲག་ཁ་ཤས་བོད་ཆོས་ལྡན་རྒྱལ་ཁབ་ཏུ་བཞུགས་མ་ཐུབ་པར་ཁྱིམ་མཚེས་ཡུལ་གྲུ་རྒྱ་གར་དང་། བལ་ཡུལ། འབྲུག འབྲས་ལྗོངས་སོགས་སུ་བཙན་བྱོལ་དུ་ཕེབས་རྗེས་སུ་རྒྱ་དམར་སྲིད་གཞུང་ནས་བོད་ནང་སྨན་རྩིས་ཁང་གི་རྗེས་ཤུལ་ཙམ་ཡང་ལྷག་མེད་བཟོ་རྒྱུའི་ངན་བྱུས་བཤམས་ཏེ་ཕྱི་ལོ་ ༡༩༦༠ ལོའི་མཇུག་ཙམ་ལ་སྨན་རྩིས་ཁང་དུ་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང་། དེའི་ཁོངས་སུ་བོད་སྨན་སྡེ་ཁག་གཅིག་འཛུགས་རྒྱུ། མཁས་དབང་མཁྱེན་རབ་ནོར་བུ་བཞུགས་ཡུལ་གཞན་ལ་སྤོ་རྒྱུ་འཁེལ། ལྷ་ས་སྨན་རྩིས་ཁང་དུ་ནད་པ་བསྟེན་གཏུག་མང་པོ་ཡོང་བའི་རྐྱེན་གྱིས་འགྱུར་ལྡོག གཏོང་མ་ཐུབ་པར་ད་བར་མུ་མཐུད་འཛིན་སྐྱོང་བྱེད་དགོས་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ལོར་དུས་ཟིང་གི་ཆག་སྒོའི་ཁྲོད་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་མཆོག་རྒྱ་དམར་གཞུང་གི་བཙན་གནོན་འོག་ལོ་བཅུ་བདུན་ཙམ་བཙོན་འཇུག་མནར་གཅོད་མྱངས་ནས་བཞུགས་དགོས་བྱུང་། དེ་མཚུངས་ཞིང་གཤེགས་བླ་སྨན་བློ་བཟང་དབང་རྒྱལ་ལགས་ལོ་ངོ་བཅུ་བཞི་མནར་གཅོད་གདུག་རྩུབ་འོག་ཚུད་ཡོད། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་སྨན་པའི་ཐུགས་འགན་བླ་སྨན་ཡེ་ཤེས་དོན་ལྡན་གྱིས་གནང་སྟེ་སྨན་རྒྱུའི་མ་རྩ་སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་གྱིས་རྒྱུན་བཀོལ་སྨན་སྣ་གྲངས་འགའ་སྡེབས་སྦྱོར་བྱས་ཏེ་རྡོ་གཞོང་ཆུང་ངུ་ཞིག་གི་ནང་བརྡུངས་བསྒྱུར་བྱས་ནས་ནད་པར་སྨན་སྦྱིན་གནང་འགོ་ཚུགས།
ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་རྟོགས་ཞིབ་ཆེད་རྒྱ་གར་ཚེ་ཡི་རིག་བྱེད་ལ་མཁས་པ་ Dr. Baghwan Dash ཞུ་བ་ཆེད་དུ་རྡ་རམ་ས་ལར་མངགས་ཏེ་ཁོང་ནས་རྒྱ་གར་ས་ཐོག་ཏུ་དབུས་འཕྲོད་བསྟེན་ལྷན་ཁང་གི་ཆོག་མཆན་མེད་པར་བོད་སྨན་ལག་ལེན་མི་ཆོག་པར་བཤད་པ་དང་། ཁྱད་པར་དུ་བོད་སྨན་གྱིས་མི་དམངས་ལ་ཕན་ཐོགས་ཇི་འདྲ་ཡོད་མེད་ཚོད་དཔག་ཆེད་ཕྱི་ནང་གསང་གསུམ་གྱི་ལམ་ནས་ཉམས་སད་དང་། ཚོད་ལྟ་འདྲི་རྩད་སྔ་ཕྱི་གནང་བར་བླ་སྨན་ཡེ་ཤེས་དོན་ལྡན་ལགས་དང་འབྲེལ་ཡོད་རྣམས་ཀྱིས་རྒྱུད་གཞུང་དང་མཐུན་པར་མཁས་མཛངས་ལྡན་པའི་སྒོ་ནས་ལན་འདེབས་འཕྱུག་མེད་གནང་། ལག་ལེན་ཁྲོད་ནད་པའི་ཐོག་ལ་ཡང་གདེང་ཁེལ་བའི་ཕན་འབྲས་མངོན་གསལ་ཐོན་པས་མཐར་བོད་སྨན་འདི་ལོ་རྒྱུས་རང་ལ་ཁུངས་བཙན་པ། ཚན་རིག་དང་མཐུན་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པ་ཤེས་རྟོགས་དང་། ཡིད་ཆེས་ངེས་པ་རྙེད་དེ་འབྲེལ་ཡོད་ལ་དེ་དོན་སྙན་གསེང་ཞུས་པ་བརྒྱུད་ལག་ལེན་བྱེད་པར་དགག་བྱ་མ་བྱས་པ་མ་ཟད། ཉམ་ཐག་ནད་པ་རྣམས་ཀྱི་ཆེད་རྒྱ་གར་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ནད་པ་བཅུའི་ཉལ་ཁྲི་དང་། ཉལ་ཆས། བཤག་བཅོས་ཡོ་བྱད། ལས་མི་ལྔའི་ཆ་བྱད་སོགས་དང་། གཞན་ཡང་ནད་གཡོག་གཅིག་དང་མ་བྱན་གཅིག་གི་གྲོན་དངུལ་བཅས་ཀྱང་གནང་བ་རེད།
ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༨ ཉིན་༸རྒྱལ་བའི་ཕོ་བྲང་དུ་༸སྐུའི་བླ་སྨན་བགྲེས་པ་བསྟན་འཛིན་ཆོས་གྲགས་མཆོག་དབུ་བཞུགས་ཀྱིས་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཕྱག་ལེན་གནང་བའི་མཛད་སྒོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས། དེ་རིང་ཞུ་དོན་སྙིང་པོར། བོད་ཕྱི་ནང་དང་སྨན་རྩིས་ཁང་གི་ལོ་རྒྱུས་ནང་ཕྱི་ལོ་ ༢༠༡༦ ལོ་ནི་ཆེས་གལ་ཆེ་ཞིག་ཡིན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ་ནས་བཟུང་རྒྱ་གར་གྱིས་གཙོས་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཁ་ཤས་སུ་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།
གཞི་རྒྱ་ཆེ་ལ་གལ་གནད་ཆེ་བའི་ལས་འགུལ་འདིར་ཚོགས་ཆུང་བཞི་རིམ་འཛུགས་བྱ་རྒྱུའི་ཁོངས་དང་པོ། ལས་འགུལ་དང་། གཉིས་པ། འབྲེལ་མཐུད། གསུམ་པ། འཛིན་སྐྱོང་དང་དངུལ་རྩིས། བཞི་པ། ལྷ་ས་སྨན་རྩིས་ཁང་ལ་རམ་འདེགས་བཅས་ཡིན། སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་དགོས་དངུལ་ས་བོན་དུ་སྨན་རྩིས་ཁང་ལས་བྱེད་དང་ལས་མི་སོ་སོའི་ཕོགས་གླ་ནས་ཆུ་ཚོད་བརྒྱ་ཐམ་པའི་འབབ་ཞལ་འདེབས་འབུལ་གནང་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། སྨན་དང་སྐར་རྩིས་སློབ་ཕྲུག་ངོས་ནས་སྨན་སྦྱོར་ཁང་ངམ་ལས་ཡུལ་གཞན་དུ་ཆུ་ཚོད་བརྒྱ་ཐམ་པའི་ཞབས་ཞུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས་ཉིན། ཞེས་སྒྲོགས་སྦྱང་གནང་སྒྲུབ་བསྟུན་ཞལ་འདོན་མཁྱེན་པའི་ཡེ་ཤེས་གསུང་འདོན་གནང་རྗེས་གསར་འགོད་གསལ་བསྒྲགས་གྲོལ་བ་བཅས།།