༢༠༡༣ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝི་ཏི་ནམ་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་སྨིན་སྩལ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་དབུ་འཛུགས་བསྐྱངས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་མཆོག་ཕོ་བྲང་གཟིམ་ཆུང་ནས་ཝི་ཏི་ནམ་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཆོས་ཞུ་བའི་སྐུ་ཚབ་ཁག་གཅིག་ནས་མཇལ་དར་རྐྱང་འབུལ་ཞུས་རྗེས་ཆོས་སྤྱོད་ཁག་གཅིག་གསུང་འདོན་གྱི་སྔོན་འགྲོའི་ཆོས་འབྲེལ་སྐབས་བཀའ་སློབ་སྩལ་དོན། དེ་རིང་ཝི་ཏི་ནམ་ནས་ཡོང་བའི་ཆོས་གྲོགས་ཚོ་གཙོ་བོར་གྱུར་པའི་ཡུལ་གྲུ་ཁག་འདྲ་མིན་ནས་ཆོས་ཞུ་བ་སླེབས་ཡོད་ངེས་རེད།
ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་གི་ཡིན། ཁྱེད་རང་ཚོ་ཆེད་མངགས་ཝི་ཏི་ནམ་ནས་ཡོང་བ་དེ་དག་ལ་དམིགས་བསལ་གྱིས་འཚམས་འདྲི་ཡོད། ཁྱེད་རྣམ་པ་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད། སྤྱིར་ལུང་པའི་ནང་ཡི་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་མི་འདྲ་བ་བྱེད་མཁན་ཏན་ཏན་ཡོང་གི་རེད། འོན་ཀྱང་ལུང་པ་སྤྱིའི་ཐོག་ནས་བཤད་ན་ནང་པའི་ལུང་པ་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པ་མ་ཟད། ཤེར་ཕྱིན་གྱི་གཞུང་ཉམས་སུ་ལེན་མཁན་ཞིག་ཆགས་ཡོད། གོང་དུ་མཁན་པོས་རྩ་བ་ཤེས་རབ་ཀློག་འདོན་གནང་གི་ཡོད་གསུངས་པ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད། རྒྱ་གར་ནས་ཕྱིར་ནང་ཆོས་དར་སྐབས་གཙོ་ཆེ་བ་རྒྱ་ནག་ཆགས་འདུག ལོ་རྒྱུས་ཐོག་ནས་རྒྱ་ནག་ནང་པའི་ལུང་པ་རེད། དེ་བཞིན་ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་དེ་དག་ལེགས་སྦྱར་རམ་ཐེག་ཆེན་གྱི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། འབར་མ་དང། ཐེ་ལན། ཁམ་པུ་ཊི་ཡ། ལའོ་སེ། ཤྲཱི་རི་ལངྐ་དེ་དག་པཱ་ལིའི་ཆོས་བརྒྱུད་གཙོ་བོར་ཉམས་ལེན་གནང་གི་ཡོད། གང་ལྟར་འདུལ་བ་སྤུས་དག་པོ་ཡོད་པ་ཞིག་རེད། ནང་པའི་ཡུལ་གྲུ་དེ་དག་ནང་ནས་ཝི་ཏི་ནམ་ཁྱེད་རང་ཚོ་ཤེར་ཕྱིན་ཉམས་ལེན་བྱེད་མཁན་གཅིག་གྱུར་ཆགས་ཡོད། ཅེས་སོགས་ཀྱི་ཤེར་ཕྱིན་གྱི་གོ་དོན་ཞིབ་འགྲེལ་ཐོག་སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་བསྐྱངས་ཡོད།
ད་ཐེངས་བཀའ་ཆོས་ལ་སྔ་དྲོ་ཆུ་ཚོད་ ༨ ནས་ ༡༢ བར་ཉིན་གྲངས་གཉིས་རིང་ཆོས་ཐུན་རེར་སྩལ་རྒྱུར་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་གྲངས་ ༣༠༠ གཙོ་བོར་གྱུར་པའི་ཕྱི་རྒྱལ་ལུང་པ་ ༥༩ ནས་ཆོས་ཞུ་བ་བཅར་ཡོད་ཁོངས་ནས་ཨ་རི་བ་མི་གྲངས་ ༡༡༣ དང་། དབྱིན་ཡུལ་ནས་མི་གྲངས་ ༥༣ ། ཀོ་རི་ཡ་ནས་མི་གྲངས་ ༥༧ ། རང་རིགས་སེར་སྐྱ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ༤༥༠༠ བརྒལ་བ་ཆོས་ཞུ་ལ་ཆེད་བཅར་ཞུས་འདུག་པ་བཅས། །