༢༠༡༣ ཟླ་ ༧ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༤ ཉིན་རྒྱ་གཞུང་གིས་ཁམས་བྲག་མགོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་བསོད་ནམས་རིན་ཆེན་ལགས་བཙོན་བཀྲོལ་བཏང་ཡོད་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བསོད་ནམས་རིན་ཆེན་ལགས་ནི། སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཏེ་དཔྱིད་གསར་དུས་ཆེན་ཉིན་བྲག་མགོ་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་མང་པོ་འབྱོར་ཏེ་བོད་མི་གང་བྱུང་ ༤༠ ལྷག་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པའི་ཁྲོད་ནས་གཅིག་ཡིན་འདུག
བསོད་ནམས་རིན་ཆེན་ལགས་འདས་པའི་ལོ་གཅིག་དང་ཕྱེད་ལྷག་གི་རིང་བཙོན་འཇུག་གིས་དཀའ་སྡུག་ཚད་མེད་མྱངས་ཏེ་ད་ལྟ་གཟུགས་པོ་བདེ་མིན་གྱི་དཀའ་ངལ་འཕྲད་བཞིན་ཡོད། ཁོང་བཙོན་བཀྲོལ་གྱིས་ཕྱིར་ལོག་སྐབས་ས་གནས་མི་མང་གིས་དགའ་སྤྲོའི་ཕེབས་བསུ་ཞུས་འདུག ཁོང་གི་ཕ་མིང་ལ་བློ་ལྡན་དང་མ་མིང་ལ་ཁྲོ་མ་ཞུ་བཞིན་ཡོད་འདུག