༢༠༡༣ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༡ ཉིན་འདི་གར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད། ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཨོ་ཀུ་ར་ Hotel Okura གསོལ་མགྲོན་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དབུ་བཞུགས་ཐོག་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་སྦྲགས། ཉི་ཧོང་དང་བོད་རིགས་སོགས་ཁྱོན་མི་གྲངས་ ༢༥༠ བརྒལ་བ་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། ལྷག་པར་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོ་ནས་རྒྱང་ཐག་ཧ་ཅང་རིང་བའི་གྲོང་ཁྱེར་ཨོ་ཀི་ན་ཝ་ Okinawa དང་ཀུ་ཡུ་ཤུ་ Kyushu བཅས་ནས་མཛད་སྒོར་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ཞུས་ཡོད།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནའ་དེང་ཟུང་འབྲེལ་ཐོག་ནས་བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་མཐོར་གཏོང་གནང་མཛད་རྒྱུའི་ཐུགས་ཀྱི་འཆར་སྣང་འོག་འཚར་ལོངས་བྱུང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཐོན་པ་རྣམས་ཀྱིས་ད་ཆ་བོད་མིའི་སྒྲིག་འཛུགས་ནང་འགན་ཁུར་གནང་མཁན་གཙོ་བོ་ཆགས་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་མ་ཟད། སྐབས་ ༡༤ པའི་བཀའ་ཤག་གི་སྲིད་བྱུས་ནང་ཤེས་ཡོན་གལ་ཆེ་ཤོས་སུ་འཛིན་བཞིན་པར་བརྟེན། བོད་མིར་སེམས་ཐག་ཉེ་བའི་ཉི་ཧོང་པ་རྣམས་ཀྱིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་གང་ཐུབ་རོགས་རམ་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།
ཕྱོགས་མཚུངས་དྲུང་ཆེ་མཆོག་གིས་ཉི་ཧོང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱི་ད་བར་བོད་མི་ཚོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། གཞན་ཡང་མཛད་སྒོའི་སྐབས་གསུང་བཤད་གནང་མཁན་ཉི་ཧོང་གི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཀ་ཛུའོ་མུ་ར་ཀ་མི་Dr. Kazuo Murakami ལགས་དང། སན་མ་རི་ནོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ (Ambassador Extraordinary & Plenipotentiary Dean of the Diplomatic Corps, Embassy of the Republic of San Marino)གཞུང་ཚབ་པ་སྐུ་ཞབས་མ་ནི་ལོ་ཀ་ཌེ་ལོ་མཆོག HE Manilo Cadelo སོགས་ཆེད་ཕེབས་གནང་ཡོད། མཛད་སྒོ་སྲུང་བརྩི་སྐབས་ཉི་ཧོང་སྒྱུ་རྩལ་བ་དང་གཞས་པ་སྐུ་ཞབས་ཊོ་ཤི་ཀུན་དགའ་ལགས་ཀྱིས་ནང་མ་སྟོད་གཞས་འཁྲབ་སྟོན་ཞུས་ཡོད་པ་བཅས།།