༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་སྦིར་ནང་ཆེན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནང་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་ཅོན་ཏ་ར་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
ཉིན་དེའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་དཔལ་མཆོག་གླིང་དགོན་པའི་དགེ་འདུན་པས་གཙོས་གཞིས་མི་རྣམས་ཀྱིས་དཔལ་བུམ་མང་དགོན་པར་བསངས་གསོལ་གཟབ་རྒྱས་གནང་། དེ་ནས་མཛད་སྒོ་དངོས་གཞི་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤོ་རི་ལལ་ (Shri Kishori lal SDM)ལགས་དང། དམིགས་བསལ་སྐུ་མགྲོན་སྐུ་ཞབས་ཨ་ཇེ་དྷར་ཝལ་(Mr.Ajay Darwal, vice chairman of Panchayat ,Jogindernagar) ལགས་དང་། གཞན་སྐུ་མགྲོན་བྷལ་བྷར་ཊི་སློབ་གྲྭའི་སློབ་སྤྱི་སོ་བྷ་སིངྒ་ (Colonel Sobha Singh ,principal of Bal Bhati School ,Jogindernagar) ལགས་བཅས་སོགས་རྒྱ་གར་སྐུ་མགྲོན་གྲངས་ ༢༠ ཙམ་དང་། དགེ་འདུན་པ། དགེ་ལས་སློབ་ཕྲུག་དང་མི་མང་བཅས་ཅོན་ཏ་ར་ཚོགས་ཁང་ནང་འདུ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཐོག་མ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྡྲལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། རིམ་བཞིན་སྐུ་མགྲོན་དང་ལས་བྱེད་རྣམས་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཕྱག་ཕུལ། དེ་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་སྟེ་སྐུ་མགྲོན་དང་མང་ཚོགས་རྣམས་ལ་གསོལ་ཇ་དང་འབྲས་བསིལ་ཕུལ་གྲུབ་མཚམས། ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་འབྲེལ་སྲིད་སྐྱོང་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང་། སམ་བྷོ་ཊ་སློབ་དགེ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཧིན་དྷིའི་སྐད་ཐོག་སྐུའི་འཁུངས་སྐར་སྲུང་བརྩི་སྐོར་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་དང་སྐུ་མགྲོན་གཙོ་བོ་ནས་གསུང་བཤད་གནང་། དེ་ནས་སམ་བྷོ་ཊ་ཅོན་ཏ་རའི་སློབ་ཕྲུག་ཁག་གཅིག་གིས་དོན་ལྡན་རྒས་གསོ་ཁང་ནང་མ་སྐུལ་དྭང་བླང་གིས་བདུན་རེའི་མཚམས་གཡས་གཡོན་གཙང་བཟོ་དང་ནད་མནར་བ་རྣམས་ལ་ཁྲག་སྦྱིན་གནང་མཁན་རྣམས་ལ་སྐུ་མགྲོན་གཙོ་བོ་བརྒྱུད་ཆེ་བསྟོད་མཇལ་དར་ཕུལ། དེ་རྗེས་ཅོན་ཏ་ར་ནང་ཆེན་རིག་གཞུང་ཚོགས་པ་དང་། སམ་བྷོ་ཊ་གཏན་ཉིན་སློབ་གྲྭ་ནས་གཞས་སྣ་འཁྲབ་སྟོན་གནང་གྲུབ་མཚམས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་གཡུ་རྒྱལ་ལགས་ཀྱིས་སྐུ་མགྲོན་དང་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།