༢༠༡༣ ཟླ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་གི་ཆོས་འབྲེལ་ཉིན་མཐའ་མར་ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་འབྲེལ་བླང་དོར་གྱི་བཀའ་སློབ་སྩལ་དོན། འདི་གར་ཉིན་བཞི་རིང་ཁྱེད་རང་ཚོར་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་རེད། སྤྱིར་བཏང་ང་ཚོ་བོད་པའི་གནས་ཚུལ་ཕྱོགས་གཅིག་ནས་གཉན་འཕྲང་གི་དུས་ཚོད་ཐོག་སླེབས་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་རང་དབང་གི་ལུང་པར་གནས་ཡོད། ང་ཚོའི་ལས་འགན་ནི་སོ་སོ་རང་ཉིད་འཚོ་གནས་ཁོ་ནའི་སྐད་ཆ་མིན། ང་ཚོ་བོད་མི་རིགས་ཀྱི་རེིག་གཞུང་དང་བཅས་པ་དེ་དག་གི་ཆེད་ང་ཚོ་རང་དབང་ལུང་པའི་ནང་གང་ལྟར་སོ་སོའི་དམིགས་ཡུལ་བཟུང་སྟེ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གལ་ཆེ་ཤོས་གཞོན་སྐྱེས་ཁྱེད་རང་ཚོ་རྒྱ་གར་དུ་སྐྱེས་ནས་འདི་གར་སློབ་སྦྱོང་བྱས་པ་དང་ཆབས་ཅིག་འཚར་ལོངས་ཡོང་བཞིན་ཡོད། ང་ཚོ་བོད་པ་དང་བོད་པའི་ཆོས་ཞེས་པ་འདི་གང་འདྲ་ཞིག་ཡིན་པ་དོ་སྣང་བྱས་ཐོག་སློབ་སྦྱང་བྱས་ཏེ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྩ་བ་བོད་ཡིག་ཡིན་པར་བརྟེན་ཚང་མས་བོད་ཡིག་ལ་དོ་སྣང་བྱེད་རོགས། ང་ཚོས་གཞིས་ཆགས་དང་སློབ་གྲྭ་ཁག་ཟུར་དུ་འཛུགས་དགོས་པའི་རྒྱུ་མཚན། བོད་པའི་སློབ་གྲྭ་ཞེས་བོད་སློབ་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་པར་སྐད་ཡིག་ཅིག་ཡོད་པ་དེའི་ནང་བོད་རང་གི་རིག་གནས་ཆེ་བ་ལྔ་ལ་སོགས་པའི་རིག་གནས་མང་དག་ཅིག་ཡོད་པ་རྣམས་མི་རབས་ནས་མི་རབས་བར་འཛིན་སྤེལ་བྱེད་ཐུབ་རྒྱུའི་དམིགས་ཡུལ་བཟུང་ནས་བཙུགས་པ་རེད། ང་ཚོ་བཙན་བྱོལ་དུ་ལོ་ལྔ་བཅུ་ང་བཞི་ལྷག་འགྲོ་གི་ཡོད། གཞིས་ཆགས་ཚུགས་ནས་ལོ་ལྔ་བཅུ་འགྲོ་གི་ཡོད། ཁྱེད་རང་ཚོ་ཚང་མས་ད་ལྟ་ཕན་ཧུར་ཐག་བྱས་པ་རེད། ད་དུང་ཡིན་རུང་ཚང་མས་ཧུར་ཐག་བྱེད་རོགས་བརྗོད་རྒྱུ་ཡིན།
ས་གནས་ས་ཐོག་ཏུ་བསྡད་ནས་སློབ་གྲྭའི་དགེ་རྒན་ཚོ་དང་དེ་བཞིན་གཞིས་ཆགས་ནང་ལས་ཀ་བྱེད་མཁན་ཚོ་ཡིན་ནའང་འདྲ། ཚང་མས་ད་ལྟ་ཕན་ཧུར་ཐག་བྱས་པ་རེད། ད་དུང་ཡིན་རུང་ཚང་མས་ཧུར་ཐག་བྱེད་རོགས་བརྗོད་རྒྱུ་ཡིན། འཛམ་གླིང་འདིའི་ཐོག་དངོས་པོ་ཡར་རྒྱས་ད་ལྟ་བར་དུ་ཕྱིན་ཡོད་པ་རེད་ལ་ད་དུང་ཡང་འགྲོ་གི་རེད། དངོས་པོ་ཡར་རྒྱས་ཁོ་ནས་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་དམ་ཞེ་ན། འགན་ལེན་བྱེད་ཐབས་མེད་པ་ཧ་ཅང་གསལ་པོ་རེད། དངོས་པོ་ཡར་རྒྱས་དགོས་པ་དང་ཆབས་ཅིག་ནང་བསམ་བློའི་ཡར་རྒྱས་ཀྱང་ངེས་པར་དུ་དགོས། དེ་དགོས་རྒྱུ་དེ་ཡང་སེམས་དུལ་དགོས་རེད་ཅེས་ཐེངས་གཅིག་བརྗོད་པས་ཕན་ཐོགས་མེད། སློབ་སྦྱོང་བྱས་ཏེ་བསམ་བློ་གཏོང་དགོས། སེམས་དུལ་ན་སྐྱིད་པ་ཡོང་གི་རེད། སེམས་མ་དུལ་ན་མ་སྐྱིད་པ་ཡོད་པ་དེ་ངོ་འཕྲོད་རྒྱུར་བསམ་བློ་བཏང་། བརྟག་དཔྱད་བྱས། ཚོད་ལྟ་བྱས་ཏེ་འགྲོ་རྒྱུ་གལ་ཆེན་པོ་འདུག
སྤྱིར་བཏང་འཛམ་གླིང་གི་ཆོས་ལུགས་ཚང་མས་བརྩེ་བ་དགོས་ཞེས་གསུང་གི་ཡོད། དཔེར་ན། ཡི་ཤུ་ཆོས་པར་ཆ་མཚོན་ན་ཧ་ལས་པ་རེད་འདུག གྲོང་གསེབ་ཁུ་ཀྱོག་དེ་འདྲའི་ནང་མིའི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་དཀའ་ལས་བརྒྱབ་སྟེ་ལས་ཀ་བྱེད་མཁན་མཐོང་རྒྱུ་འདུག ཁོང་ཚོས་རང་ཉིད་ཀྱི་ཆོས་ལུགས་ལ་ཡིད་ཆེས་ཐོག་ནས་མི་ཉམ་ཐག་ལ་རོགས་རམ་བྱས་ན་དཀོན་མཆོག་ཐུགས་དགྱེས་པོ་ཡོང་གི་རེད་བསམ་ནས་བྱེད་བཞིན་ཡོད། ང་ཚོས་ཀྱང་དེ་དེ་བཞིན་མི་ལ་བརྩེ་བ་བྱེད་དགོས། བརྩེ་བའི་བློ་ཡོད་ན་གནོད་པ་བསྐྱལ་གྱི་མ་རེད། དེ་ལྟ་བུའི་ཐོག་ནས་འཚེ་བ་མེད་པའི་སྤྱོད་པ་ཞེས་པ་དེ་ཡོང་གི་ཡོད། འཚེ་བ་མེད་པའི་སྤྱོད་པ་ཞེས་པ་དེ་ཡང་རབ་བྱུང་ན། མི་གཞན་ལ་ཕན་ཐོགས་དང་ཞབས་འདེབས་བསྒྲུབ་དགོས། གལ་ཏེ་དེ་ལྟར་མ་ཐུབ་ཀྱང་གནོད་པ་བྱེད་རྒྱུ་མེད་པ་དེ་སྤྱོད་པ་འཚེ་བ་མེད་པའི་དོན་དག་ཤོད་ཀྱི་ཡོད།
སྤྱིར་བཏང་སྤྱི་ཚོགས་གང་དུ་ཡིན་རུང་དབུལ་ཕྱུག་ཡོད་མུས་རེད། འདི་གའི་གཞིས་མི་ཁོངས་སུ་ཕ་མ་གཉིས་རྒས་གཅོང་ཆགས་པའམ། ཕྲུ་གུ་མེད་པ། ཡང་ན་ནང་དུ་ཕྲུ་གུ་ཡོད་ཀྱང་ཉེ་འཁོར་ལ་མེད་པའི་དཀའ་ངལ་ཡོད་པའི་གྲས་ལ། ཁྱེད་རང་ཚོ་འབྲེལ་ཡོད་ཚོས་དམིགས་བསལ་དོ་སྣང་བྱས་ཏེ་ཉམ་ཐག་ཚོ་ཁུ་ཀྱོག་དེ་འདྲ་ལ་ཧ་ཅང་དཀའ་ངལ་འཕྲད་ནས་ལྷག་ཡོད་མེད་ཡིན་གཅིག་མིན་གཅིག་ལྟ༌དགོས་པ་རེད་མ་གཏོགས། སྤྱི་ཡོངས་ཀྱི་གཞིས་ཆགས་རྣམ་པ་ཡར་རྒྱས་ཡོད་པ་བྱས་ཏེ་ཁུ་ཀྱོག་ལ་སྐྱོ་པོ་ལྷག་ཡོད་པ་རྣམས་སྐྱབས་མེད་མགོན་མེད་ལྟ་བུ་བྱས་ན་རྩ་བ་ནས་ཡག་པོ་མེད། ཁྱིམ་མཚེས་ཚོས་ཡིན་རུང་ཉེ་འཁྲིས་ལ་སྐྱོ་པོ་དཀའ་ངལ་ཡོད་པ་ཚོར་དོ་སྣང་བྱས་ཏེ། སོ་སོས་དེར་ནུས་པ་ཐོན་པའི་རོགས་རམ་བྱེད་མ་ཐུབ་ན། འབྲེལ་ཡོད་གཞིས་འགོ་དང་དེ་ནས་རྡ་སའི་ནང་སྲིད་དང་འཕྲོད་བསྟེན་ལས་ཁུངས་སོགས་ལ་བཏུག་སྟེ་འགྲེལ་བཤད་བརྒྱབ་སྟེ་བདེ་སྡུག་ཞུ་དགོས། དེ་ལྟར་བཤད་མ་ཐུབ་པར་སྡུག་སྒོམ་བརྒྱབ་ནས་བསྡད་ན་ཐབས་སྐྱོ་པོ་རེད།
ང་ཚོ་བྱམས་པ་དང་སྙིང་རྗེ་ཁའི་རྩེ་མོར་འཁྱེར་མཁན་གྱི་སྤྱི་ཚོགས་ནང་བདག་མེད་ཧ་ཅང་སྐྱོ་པོ་དེ་འདྲ་ལྷག་ན་ངོ་ཚ་དགོས་པ་རེད། གཞིས་ཆགས་ཚོའི་ནང་ལ་ཆོས་སྡེ་ཆེན་པོ་ཡོད་པ་རེད། ཆོས་སྡེ་ཚོའི་ཐོག་ནས་ཡིན་རུང་ཡི་ཤུ་ཆོས་པ་ཚོས་གང་འདྲ་བྱེད་བཞིན་འདུག་གམ། དེ་བཞིན་ང་ཚོའི་ཆོས་པ་ཚོས་ཀྱང་ཉམ་ཐག་ཚོར་ལྟ་རྟོག་དང་རོགས་རམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མི་ཙམ་དུ་མ་ཟད་པའི་རྒྱ་གར་གྱི་ཡུལ་མི་ཡང་སྐྱོ་པོ་དེ་འདྲ་འདུག རྒྱ་ཆེན་པོ་ང་ཚོས་འབ་སུ་བསྡུས་ཀྱི་མ་རེད། རོགས་རམ་བྱེད་ཐུབ་ཚོད་ཀྱིས་སེམས་ཁུར་དང་རོགས་རམ་ཕྲན་བུ་བྱེད་ཐུབ་ན་ཡག་པོ་ཡོད།
དེ་བཞིན་འདི་གར་ང་ཚོའི་སྨན་ཁང་ཡོད་པ་དེ་དག་གིས་བོད་མི་ཙམ་མ་ཡིན་པར་ཡུལ་མི་ནད་གཅོང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ལྟ་རྟོག་བྱེད་དགོས། རྩ་བའི་བོད་སྨན་དེ་ཕུགས་ནས་ན་ཚ་དྲག་སྐྱེད་ཡོང་རྒྱུའི་ཕན་ཐོགས་ཧ་ཅང་ཆེན་པོ་འདུག ཐེངས་འདིའི་ཆོས་འབྲེལ་འདི་ཐོག་མཐའ་བར་གསུམ་དུ་ཧ་ཅང་ཡག་པོ་བྱུང་སོང་། ཁྱེད་རང་ཚོ་གྲ་སྒྲིག་བྱེད་མཁན་ཚོས་ཀྱང་ཧུར་ཐག་གནང་སྟེ་གྲ་སྒྲིག་པོ་ཡག་པོ་བྱུང་སོང་བས་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། རྗེས་སུ་མཇལ་ཡོང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་སྩལ་ཡོད།
དེ་རྗེས་༸གོང་ས་མཆོག་སྟོན་འཁོར་དང་བཅས་པ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།