༢༠༡༣ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ Uttarakhandམངའ་སྡེའི་ནང་ཡོད་པའི་ཧིན་དྷུའི་གནས་ཆེན་ཁག་བཞི་ཡོད་པ་དེ་དག་ལ་གནས་སྐོར་ཆེད་ལོ་ལྟར་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནས་མི་གྲངས་སྟོང་ཚོ་མང་པོ་ཕེབས་ཀྱི་ཡོད་པ་ལྟར་འདི་ལོའང་ཡུལ་མི་སྟོང་ཕྲག་མང་པོ་གནས་སྐོར་ཆེད་བསླེབས་ཡོད། འོན་ཀྱང་བདུན་ཕྲག་སྔོན་མའི་ནང་ཁུལ་དེར་ཆར་ཞོད་ཧ་ཅང་ཆེ་བའི་དབང་གིས་ས་ཉིལ་བ་དང་ཆུ་ལོག་གི་གོད་ཆག་འོག་མི་གྲངས་ ༦༠༠ ཙམ་འདས་གྲོངས་སུ་གྱུར་བ་དང། མི་མང་སྟོང་ཕྲག་མང་པོའི་སྡོད་ཁང་རྩ་མེད་བཟོས་པ་སོགས་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་དང་བཅས་མངའ་སྡེའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
བདུན་ཕྲག་འདིར་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་གྲངས་དྲུག་བརྒྱ་ལྷག་རྐྱེན་ལམ་དུ་སོང་བ་དང། སྟོང་ཕྲག་མང་པོའི་སྡོད་ཁང་སོགས་རྩ་མེད་བཟོས་པ་སོགས་གནོད་སྐྱོན་ཚབས་ཆེ་ཕོག་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་ཐོག་ཐེངས་འདིར་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་དང་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་སྦྲགས། ངལ་སེལ་མྱུར་སྐྱོབ་ལས་གཞིའི་ཆེད་མངའ་སྡེའི་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་ (Chief Minister`s Relief Fund) བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཧིར་སྒོར་འབུམ་གསུམ་ཞལ་འདེབས་འབུལ་རྒྱུ་མ་ཟད། ང་ཚོས་གོད་ཆག་འོག་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།