༢༠༡༣ ཟླ་༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ཉིན་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ ཉིན་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གྷེ་རེ་ལོཀ་མཆོག་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་དབུས་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ནང་གཟིགས་སྐོར་དུ་ཕེབས་ཡོད། སྐབས་དེར་ཁོང་གིས་བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་བཅས་གཏོང་དགོས་སྐོར་རྒྱ་ནག་འགོ་ཁྲིད་ཚོར་རེ་འདུན་ཤུགས་ཆེ་བཏོན་ཡོད། ཐེངས་འདིར་སྐུ་ཞབས་གྷེ་རི་ལོཀ་མཆོག་རང་གི་ནང་མི་དང་གཞུང་ཚབ་ཁང་གི་ལས་བྱེད་པ་ཁག་གཅིག་ལྷན་དུ་ཕེབས་ཡོད། གཟིགས་སྐོར་སྐབས་གཞུང་ཚབ་པ་མཆོག་གིས་བོད་ཀྱི་ས་ཁུལ་ཁག་གི་ས་གནས་གཞུང་གི་ལས་བྱེད་པ་དང་ས་གནས་མང་ཚོགས་ཁག་གཅིག་ལ་དྲི་རྩད་གནང་ཡོད། གཟིགས་སྐོར་དེ་བཞིན་རེས་གཟའ་པ་སངས་ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་པ་གསར་འགོད་མཐུན་ཚོགས་ The Associated Press ཀྱིས་གནས་ཚུལ་བཀོད་ཡོད།
དེ་ཡང་ད་ཐེངས་གཞུང་ཚབ་པ་མཆོག་གི་བོད་ནང་དུ་གཟིགས་སྐོར་ཕེབས་པའི་གནས་ཚུལ་དེ་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་གཞོན་པ་སྐུ་ཞབས་ཇེ་སི་ཊིན་ཧི་གིང་སི་ Justin Higgins མཆོག་གིས་གསུང་དོན་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ཟླ་ ༩ ནས་ཐེངས་དང་པོར་ཨ་རིའི་གཞུང་ཚབ་པ་མཆོག་ལ་བོད་ནང་དུ་ཕེབས་རྒྱུའི་ཆོག་མཆན་སྤྲད་པ་ཞིག་ཆགས་ཡོད་སྐོར་གསུངས་ཡོད། གཞན་ཡང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། སྐུ་ཞབས་ལོཀ་མཆོག་གིས་བོད་དེ་འཛམ་གླིང་ཕྱི་ལ་སྒོ་འབྱེད་རྒྱུའི་འབད་བརྩོན་གནང་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་བོད་མིའི་ཐུན་མིན་ཁྱད་ཆོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་རྒྱ་ནག་འགོ་ཁྲིད་ཚོར་གསལ་སྟོན་གནང་ཡོད་པ་དང། དེའི་སྐོར་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་གཞོན་པ་སྐུ་ཞབས་ཇེ་སི་ཊིན་ཧི་གིང་སི་མཆོག་གིས་གསུང་དོན། ང་ཚོས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གི་ལས་འགུལ་གྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཧ་ཅང་སེམས་འཚབ་ཡོད། རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།།