༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུའི་སྔ་དྲོར་ཧི་མཱ་ཅལ་མངའ་སྡེའི་ཁྲིམས་ཁང་མཐོ་བའི་ (HighCourt) ཁྲིམས་དཔོན་གསར་པ་སྐུ་ཞབས་ཨ་ཇེ་མ་ནིག་རའོ་ཁན་ཝིལ་ཀར་ Ajay Manikrao Khanwilkar མཆོག་དང་ཀངྒ་ར་རྫོང་དཔོན། (D.C) དེ་བཞིན་ཉེན་རྟོག་སྤྱི་ཁྱབ་འགོ་དཔོན་ (S.P) བཅས་བཞུགས་སྒར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་སྟབས་བསྟུན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང་གསུང་མོལ་ཞུས་ཡོད། དེ་རྗེས་རྒྱ་གར་གྱི་སྐུ་མགྲོན་རྣམས་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་ཟློས་གར་འཁྲབ་སྟོན་པ་རྣམས་ཀྱིས་རྒྱ་གར་ཐུགས་རྗེ་ཆེ་ཞེས་སོགས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་ཡོད། སྐབས་དེར་ཟློས་གར་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཧི་མཱ་ཅལ་ཆེས་མཐོའི་ཁྲིམས་དཔོན་མཆོག་ལ་འཚམས་འདྲིའི་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད་པ་མ་ཟད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་རྒྱ་གར་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་གནང་བ་དང་སྦྲགས་དཀར་གཙང་མཇལ་དར་ཕུལ་ཏེ་འཚམས་འདྲི་གནང་ཡོད་པ་བཅས།།