༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་ཐུན་མོང་གིས་གོ་སྒྲིག་ཐོག་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་མཛད་གྲུབ་རྗེས། ཉིན་དེའི་ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་གསུང་བཤད་གནང་དོན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཀྱི་བརྒྱ་ཆ་ཧ་ཅང་ཡག་པོ་ལོན་འདུག དེས་གང་སྟོན་གྱི་ཡོད་དམ་ཞེ་ན། ང་ཚོའི་སློབ་ཕྲུག་ཚོས་སློབ་སྦྱོང་གནང་ན་གནང་ཐུབ་ཀྱི་ཡོད་པ་དང་བརྒྱ་ཆ་ ༩༥ ཡན་ལོན་ཐུབ་རྒྱུ་ཡོད་པ་གསལ་པོ་བསྟན་ཡོད། སློབ་ཡོན་འབུམ་གཅིག་ཡོད་རེད་ཅེས་བརྗོད་དེ་བརྒྱ་ཆ་ ༩༥ ལོན་པ་བྱས་ན་ཡག་པོ་མ་རེད། གཙོ་བོ་སློབ་སྦྱོང་དང་སོ་སོ་རང་ཉིད་ཡར་རྒྱས། དེ་བཞིན་བོད་སྤྱི་པའི་རྩ་དོན་ཆེད་ཞབས་ཕྱི་ཞུ་ཆེད་སློབ་སྦྱོང་ཧུར་ཐག་གནང་དགོས།
ཁྱེད་རང་ཚོ་ཚང་མ་མ་འོངས་པའི་སོན་རྩ་དང་མ་འོངས་འགོ་ཁྲིད་རེད།འགོ་ཁྲིད་ཡག་པོ་ཞེས་པ་དེ་གང་འདྲ་ཞིག་དགོས་ཀྱི་རེད་དམ། དེ་ལ་མཚན་ཉིད་མང་པོ་ཡོད་པའི་ནང་ནས་གཅིག་འདི་རེད། གལ་ཏེ་མི་དཀྱུས་མ་ཞིག་གིས་གཞན་དང་མི་འདྲ་བའི་བྱས་རྗེས་དམིགས་བསལ་བ་ཞིག་བཞག་ན་དེར་འགོ་ཁྲིད་ཡག་པོ་ཟེར། འགོ་ཁྲིད་ཡག་པོ་ཟེར་རྒྱུ་དེ་མི་དཀྱུས་མ་ཞིག་གི་བྱེད་ཐུབ་རྒྱུ་ཞིག་རེད། དཔེར་ན། མེས་པོ་དམ་པ་གྷན་དྷིར་ཆ་བཞག་ན། གཞི་རྩའི་ནང་མིའི་དཔལ་འབྱོར་གྱི་གནས་སྟངས་གང་འཚམ་ཡོད་པ་ཞིག་རེད། འོན་ཀྱང་རྒྱ་གར་གྱི་མི་མང་ས་ཡ་མང་པོ་ཡོད་པའི་ནང་ནས་ཁོ་རང་གཅིག་རེད་མ་གཏོགས། ཁོང་ཆུང་དུས་ནས་དམིགས་བསལ་གང་ཡང་མ་རེད། ཁོང་གི་བྱས་རྗེས་དེ་གཞན་དང་མ་འདྲ་བ་བཞག་པར་བརྟེན་འགོ་ཁྲིད་ཆགས་པ་རེད། འགོ་ཁྲིད་ཆགས་པར་ག་རེ་དགོས་ཀྱི་ཡོད་དམ། ཉི་ཧོང་གི་བཤད་སྲོལ་ལྟར་ན།
ཐོག་མར་འགོ་ཁྲིད་ཆགས་པར་གང་དགོས་ཞེ་ན། འཆར་སྣང་ཞིག་དགོས་ཀྱི་ཡོད། འཆར་སྣང་དེ་ལག་བསྟར་བྱེད་དགོས། འཆར་སྣང་ཡོད་པ་དེ་ལག་བསྟར་མ་བྱས་ན་ཉིན་མོའི་རྨི་ལམ་ལྟ་བུ་རེད། ཡང་ལག་བསྟར་བྱེད་རྒྱུར་འཆར་སྣང་མེད་ན་མགོ་ལོག་རྩེད་ཀྱི་ཡོད། ལས་ཀ་ཞིག་བྱེད་ཀྱི་ཡོད་ཀྱང་གང་བྱེད་ཀྱི་ཡོད་མེད་མགོ་ཚོས་ཀྱི་མེད། མཁྱེན་སོང་སམ། དང་པོ་གང་དགོས་ཀྱི་རེད་ཅེ་ན་འཆར་སྣང་དགོས། དེ་ནས་གཉིས་པ་དེར་ཐབས་བྱུས་(strategy)དགོས། དེ་ནས་འཆར་གཞི་དགོས། དེ་ནས་ལག་ལེན་བསྟར་དགོས། རྣམ་པ་ཚོ་སློབ་སྦྱོང་ངམ་ཕྱག་ལས་གནང་མཁན་ཡིན་རུང་ཐོག་མར་རྒྱ་ཆེ་སའི་འཆར་སྣང་ཞིག་དགོས་པ་ཡིན། དེ་ནས་ཐབས་བྱུས་གཏིང་རྗེས་ལག་བསྟར་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་རེ་རེ་བཞིན་གནང་ཡོད།