༢༠༡༣ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༨ ཉིན་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་བྷེལ་ཇམ་བོད་རིགས་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་སྦར་སིལ་ཆོས་ཚོགས་སུ་བོད་མི་ཁྱོན་མི་གྲངས་ ༣༠ ཙམ་ལ་གཉིས་སྨན་དབུ་མའི་ལམ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་འདུག དེ་ཡང་གོ་སྒྲིག་ཚོགས་ཆུང་ནས་ཁུལ་དེའི་བོད་མི་རྣམས་ལ་གཉིས་སྨན་དབུ་མའི་ལམ་གྱི་ཟབ་སྦྱོང་ཕུལ་བ་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང། ཟབ་སྦྱོང་དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད། སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་གཞི་རྟེན་དང་སྲིད་བྱུས་ངོ་སྤྲོད་གནང་བ་དང་ཆབས་ཅིག དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་འབེབས་བྱུང་ཚུལ་དང། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་པའི་གྲུབ་འབྲས་བཅས་ཀྱི་སྐོར་ཞིབ་ཕྲ་ཟབ་ཁྲིད་གནང་ཡོད། དེ་བཞིན་ཟབ་སྦྱོང་བ་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང། དབུ་མའི་ལམ་གྱི་སྲིད་བྱུས་བྱུང་རིམ་སྐོར་གསལ་སྟོན་གནང་སྟེ། མང་ཚོགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་བརྙན་འཕྲིན་ཁག་གཅིག་ཀྱང་བསྟན་པ་བརྒྱུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ཟབ་རྒྱས་སྤེལ་གནང་ཡོད་པ་བཅས།།