༢༠༡༣ ཟླ་ ༦ ཚེས་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེན་ཌི་རྒྱལ་ཁབ་དང་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་སི་ཌི་ནི་དང་མེལ་བྷོན་སོགས་སུ་མི་མང་ལ་ཆོས་འབྲེལ་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད། གཙུག་ལག་སློབ་གྲྭ་ཁག་ཏུ་ཆིབས་སྒྱུར། རྒྱ་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ་མ་ཟད། བོད་སོག་འབྲུག་གསུམ་གྱི་མི་རིགས་ཙམ་མ་ཟད། བལ་པོའི་མི་རིགས་བཅས་ལ་མཇལ་ཁ་བཀའ་སློབ་སྩལ་བ་སོགས་ཐེངས་འདིའི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་གཞན་ངག་དབང་ཐུབ་བསྟན་མཆོག་དང། ཚེ་རིང་དོན་གྲུབ་མཆོག་བཅས་མདོར་ན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བོར་གྱུར་བའི་བཀའ་བློན་རྣམ་པ་དང་། དེ་བཞིན་གཞུང་ལམ་གཡས་གཡོན་དུ་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་དྲི་བསང་གདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།