༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ ཉིན་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ནང་དུ་གནས་སྡོད་བོད་རིགས་དང་སོག་པོ་དེ་བཞིན་འབྲུག་པ་བཅས་པར་རང་གི་རྩ་ཆེའི་རིག་གཞུང་དེར་བདག་གཅེས་བྱས་ཏེ་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་འགྲོ་ཐུབ་པ་བྱེད་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ནང་གི་ཨིན་ཌི་ཌ་མན་ཊི་སན་ཊར་ཞེས་པའི་ཚོགས་ཁང་དུ་ཉིན་གཉིས་པའི་བྱང་ཆུབ་སེམས་གྱི་བསྟོད་པ་རིན་ཆེན་སྒྲོན་མེ་ཞེས་པའི་ཆོས་འབྲེལ་གྲུབ་མཚམས་སུ་ཁུལ་དེར་གནས་སྡོད་བོད་རིགས་གྲངས་ ༦༠༠ བརྒལ་བ་དང་དེ་བཞིན་སོག་པོ་དང་འབྲུག་པ་བཅས་ཁྱོན་བསྡོམས་མང་ཚོགས་ ༡༠༠༠ བརྒལ་བར་ཟུར་དུ་བཀའ་སློབ་སྩལ་དོན།
ཁྱེད་རང་ཚོ་འབྲུག་ཡིན་ནའང་རེད། སོག་པོ་ཡིན་ནའང་རེད། ངོས་ནས་བརྗོད་རྒྱུར་སོ་སོའི་མི་རིགས་ཀྱི་རིག་གཞུང་དེ་རྩ་ཆེན་པོ་རེད། དེ་བདག་པོ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་འགྲོ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་ཕེབས་ཡོད་པ་མ་ཟད་བོད་རིགས་རྣམས་ལ་བོད་ཀྱི་ཆོས་རྒྱལ་དང་སློབ་དཔོན་བཀའ་དྲིན་ཅན་རྣམས་ཀྱིས་ཐུགས་རྗེ་ལ་བརྟེན་ནས་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་བཞིན་སྐད་ཡིག་ཟུར་དུ་ཡོད་པ་མ་ཟད་བོད་ཀྱི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་འཕོ་བསྒྱུར་ཇི་ཙམ་བྱུང་ཡོད་ཀྱང་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་གོང་བུ་གཅིག་ཏུ་གནས་ཐུབ་པ་དེ་ནི་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་བྱུང་ཡོད་པ་བཀའ་སློབ་ཕེབས་ཡོད།
གཞན་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་ཆགས་སྟེ་ལོ་ ༥༤ དང་ངོས་སྒེར་ལ་ཆ་བཞག་ན་ཐོག་མར་རྒྱ་གར་དུ་འབྱོར་སྐབས་ལོ་ ༢༤ ཞིག་དང་ད་ཆ་ངོས་ལོ་ ༧༨ ལ་སླེབས་ཡོད། མི་ཚེ་མང་བ་བཙན་བྱོལ་དུ་བསྐྱལ་ཡོད། སོ་སོའི་ལུང་པ་བྲལ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ཀྱང་༸རྒྱལ་བ་རིན་པོ་ཆེ་ཞེས་བརྗོད་རྒྱུ་ཞིག་ས་ཐག་རིང་པོའི་ཐོག་ནས་སྨོན་ལམ་བརྒྱབ་རེ་བ་ཞིག་བཅོལ་ནས་སྡོད་རྒྱུ་མ་གཏོགས་མེད་པ་ཞིག་ཆགས་པ་རེད། གང་ལྟར་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་ཆགས་ཡོད། དེར་བརྟེན་ང་ཚོའི་སྟེང་ གཞིས་ལུས་རྒྱ་ཆེའི་མི་མང་གི་ལས་འགན་ཞིག་སྤྲད་ཡོད། བྱས་ཙང་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་དེ་དག་གིས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་པ་ཞིག་དང་གཞི་ལུས་དེ་དག་གི་བདེ་བ་སྡུག་བསྔལ་དེ་དག་འཛམ་བུ་གླིང་འདིའི་སྟེང་བསྟན་ཐུབ་པ་ཞིག་བྱེད་དགོས། དེ་དང་ཆབས་ཅིག་བོད་ནང་རིག་གནས་གསར་བརྗེ་ལ་སོགས་པ་དེ་ཚོའི་སྐབས་ནས་མར་བྱས་ཏེ་རིག་གཞུང་རྩ་མེད་བཟོ་རྒྱུའི་གནས་ཚུལ་ཆགས་ཡོང་དུས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་དེ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་བདག་པོ་བརྒྱབ་སྟེ་མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ལ་བོད་དུ་ཉམས་པ་སོར་ཆུད་ཡག་པོ་ཞིག་བྱུང་ན་ཨང་ཀི་དང་པོ་དང་། གལ་སྲིད་དེ་ལྟར་རང་བྱུང་མེད་ཀྱང་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་ཕར་རྩིས་འབུལ་ཞུ་ཐུབ་རྒྱུའི་བསམ་བློ་གཏོང་དགོས།
དེར་བརྟེན་ང་ཚོས་གལ་ཆེ་ཤོས་དེ་ཤེས་ཡོན་ཐོག་ཐུག་ཡོད་དུས་བཙན་བྱོལ་དུ་སླེབས་ནས་འགོ་སྟོད་དེར་ང་ཚོས་ཤེས་ཡོན་གྱི་སློབ་གྲྭ་འཛུགས་རྒྱུར་ཤུགས་གཙོ་བོ་དེའི་ཐོག་བསྒྲིལ་ཏེ་ཕྱིན་པ་རེད། རྒྱ་གར་དུ་སྐྱེས་རྒྱ་གར་དུ་སློབ་སྦྱོང་དང་འཚར་ལོངས་བྱས་པ་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་གཙོར་ཆ་བཞག་ན་སྐྱེས་འཚར་རྒྱ་གར་དུ་བྱུང་སྟེ་འགན་འཁྱེར་སྡོད་མཁན་ཞིག་ཆགས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཆ་བཞག་ན་རྒྱ་གར་དུ་སྐྱེས། རྒྱ་གར་དུ་སློབ་སྦྱོང་བྱས། རྒྱ་གར་དུ་འཚར་ལོངས་བྱུང་ནས་འགན་འཁྱེར་ཀྱི་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པ་དེ་དག་ཚགས་ཚུད་པོ་ཡག་པོ་ཞིག་དགོས་རྒྱུར་དང་ཐོག་སློབ་གྲྭའི་ཐོག་ཤུགས་བརྒྱབ་པ་ཡིན། དེ་ནས་རིམ་པས་ཆོས་སྡེ་ཁག་དེ་དག་རྩ་བ་ཡག་པོ་ཞིག་ཚུགས་ཐུབ་རྒྱུའི་གཙོ་བོ་ཤེས་ཡོན་རེད། དགོན་པ་རྫིག་པོ་ཡོད་པར་ཧ་ལས་རྒྱུ་གང་ཡང་མེད། གལ་ཆེ་ཤོས་ནང་གི་འཛུགས་སྐྲུན་གཙོ་བོ་རེད། ཕྱིའི་འཛུགས་སྐྲུན་ཞེ་དྲག་གལ་ཆེན་པོ་མ་རེད། དེ་སྔ་སློབ་གཉེར་མེད་པའི་དགོན་པ་ཚོ་ཡིན་ནའང་ད་ཆ་སློབ་གཉེར་བྱེད་དགོས་པ་རེད་ཅེས་སློབ་གཉེར་བྱེད་རྒྱུའི་སྲོལ་གསར་པ་གཏོད། དེ་ཙམ་དུ་མ་ཟད་བཙུན་མའི་དགོན་པ་ཚོར་དེ་སྔ་སློབ་སྦྱོང་བྱེད་རྒྱུའི་ལུགས་སྲོལ་གང་ཡང་མེད། བྱས་ཙང་ང་ཚོའི་ཤོད་རྒྱུན་ལ་འདི་འདྲ་ཡོང་། ཨ་ནེའི་ཁོག་པར་བཟང་སྤྱོད་མ་ཤོང། ཞེས་བཟང་སྤྱོད་ཆ་ཚང་བ་ཞིག་ཨ་ནེས་བཏོན་ཐུབ་ཀྱི་མེད་པའི་སྐད་ཆ་རེད། དེ་ནི་མཐོང་ཆུང་རེད། བར་སྐབས་ལོ་བཞི་བཅུའི་སྔོན་ནས་རེད་རྡ་སའི་ཉེ་འཁྲིས་ཡོད་པའི་བཙུན་མའི་དགོན་པ་ཚོར་ངོས་ནས་གཞུང་ཆེན་ལྟ་དགོས་རེད་ཅེས་བརྗོད་དེ་སངས་རྒྱས་ཀྱི་ཆོས་དོན་དམ་པའི་ནང་གི་འཛུགས་སྐྲུན་དེ་གང་ལ་གང་འཚམ་བྱེད་ཐུབ་ཡོད། དེ་བཞིན་བོད་ནང་དུའང་རིམ་པས་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ཚོས་སློབ་སྦྱོང་ཐུགས་སྣང་གསར་པ་ཞིག་བྱེད་རྒྱུ་དང་འཇང་དགུན་ཆོས་ཚོགས་པའི་སྐབས་ལ་རིས་མེད་ཀྱི་དགོན་སྡེ་ཚོའི་སློབ་གཉེར་བ་ཡོང་སྟེ་དཔེ་ཆ་ལྟ་རྒྱུ་ཞིག་བར་སྐབས་མིག་བལྟོས་བཟང་པོ་ཞིག་འཕེལ་ཡོང་གི་འདུག་པ་དཔེ་ཡག་པོ་རེད།
བར་སྐབས་བོད་ནང་དུའང་དངོས་གནས་དྲང་གནས་ཀྱི་བོད་ཡིག་ཤེས་ཚད་ཡོད་པ་ཤུགས་ཆེན་པོ་ཐོན་ཡོང་མཁན་དང་དེ་བཞིན་སེམས་ཁུར་ཆེན་པོ་བྱས་ཏེ་ངོས་རང་ཨ་མི་རི་ཀ་དང་རྒྱ་གར་དུ་བོད་ནང་ཤེས་ཡོན་ཀྱི་ལས་ཀ་བྱེད་མཁན་དང་རྩོམ་པ་པོ་མང་པོ་ཐུག་ཡོད་པ་དེ་དག་ཧ་ལས་པའི་སེམས་ཤུགས་འདུག བྱས་རྗེས་དངོས་གནས་འཇོག་གི་འདུག བར་སྐབས་ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་ཆེན་པོ་དེ་འདྲ་བྱུང་བའི་རྐྱེན་པས་དམ་བསྒྲགས་ཤུགས་ཆེ་རུ་ཕྱིན་པ་དེས་ཕ་ཕྱོགས་སུ་ཏོག་ཙམ་འགལ་རྐྱེན་ཆགས་སོང་། དེ་ནས་ཤེས་ཡོན་ཅན་མང་པོ་ཞིག་དོ་དམ་དང་དམ་བསྒྲགས་བྱེད་རྒྱུའི་འགལ་རྐྱེན་ཏོག་ཙམ་ཆགས་ཀྱང་ཚར་བ་རེད་བྱེད་རྒྱུ་གང་ཡང་མེད། ང་ཚོ་ཕྱི་ལོགས་སུ་ཡོད་པ་ཚོ་ཡིན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་སློབ་སྦྱོང་ཡིན་ནའང་རེད། སློབ་གྲྭ་ཁག་ཚུགས་སྟེ་ཡག་ཐག་ཆོད་ཟེར་དགོས་རེད། ད་དུང་ཡར་རྒྱས་གཏོང་རྒྱུ་དང་ལས་ཀ་བྱེད་རྒྱུ་མང་པོ་ཞིག་ལྷག་ཡོད། དེ་བཞིན་ཆོས་སྡེ་ཁག་ཚུགས་ཡོད་པ་དེ་དག་ཐ་ན་རྒྱ་གར་དུ་རྟེན་གཞི་ཡོད་པ་དེ་དག་སློབ་གཉེར་བྱེད་སའི་མཐུན་རྐྱེན་བཟང་པོའི་གྲས་སུ་ཆགས་སྟེ་བོད་ནང་ནས་སློབ་གཉེར་རྒྱག་མཁན་སྟོང་ཕྲག་མང་པོ་ཞིག་སླེབས་ཡོད། དེ་རིང་ཁ་སང་ཉུང་དུ་ཕྱིན་ཏེ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།
ང་ཚོ་ཆབ་སྲིད་གནས་ཚུལ་ཆ་བཞག་ནའང་རང་བཞིན་གྱི་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་སླེབས། ཕྱི་རྒྱལ་མི་ཙམ་མ་ཚད་རྒྱ་ནག་ནང་ལོག་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་འདུག ཇི་ཙམ་གྱི་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་མཐོང་དང་གུས་བརྩི་སླེབས་ཡོང་དུས་བོད་པའི་སྤྱི་པའི་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་རང་ཤུགས་ཀྱི་སླེབས་ཡོང་གི་ཡོད། ང་ཚོས་ཆབ་སྲིད་རྐྱང་པའི་སྐད་ཆ་བཤད་དེ་ཤ་ཚ་སླེབས་མ་སླེབས་ཐེ་ཚོམ་རེད། བོད་པའི་རིན་ཐང་དེ་མཐོང་པ་ཡིན་ན་ཤ་ཚ་སླེབས་ཀྱི་ཡོད་པ་དེ་གནད་འགག་རེད། ཆབ་སྲིད་ཀྱི་གནས་ཚུལ་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་ང་ཚོས་ཐབས་ཤེས་སྒོ་གང་ས་ནས་བྱས་ཏེ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུའི་མཚོན་པའི་སྒོ་གང་ས་ནས་ཐབས་ཤེས་བྱས་པ་རེད་ནུས་པ་གང་ཡང་ཐོན་གྱི་མི་འདུག མཐའ་མའི་དུས་དེ་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་ཅུ་དོན་གྲངས་ནས་ད་ཆ་ང་ཚོ་བསམ་བློ་གསར་པ་ཞིག་བཏང་དགོས་རེད། ང་ཚོས་རང་བཙན་མིན་ཚུར་ཕྱོགས་འདིར་ད་ལྟ་རྒྱ་མིའི་སྒྲིག་འཛུགས་འོག་ཡོད་པ་དེ་ན་ལྟར་མིན་པ་དབུ་མའི་ལམ་ཟེར་བ་ཞིག་ལ་ཕྱིན་པ་རེད། དེ་བར་སྐབས་གསལ་པོ་ཆགས་ཡོང་དུས་བོད་ནང་ལ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཧ་ཅང་མང་པོ་ཞིག་དང་ལྷག་པར་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་ཞེས་པ་དེ་དངོས་ཡོད་གནས་ལུགས་དང་མཐུན་པའི་ཐབས་ཤེས་ཡག་ཤོས་ཞིག་རེད་འདུག ཅེས་ངོས་ལ་ཚུར་ལན་འབྱོར་མཁན་དང་མི་ཐུག་མཁན་བརྒྱ་ཆ་བརྒྱས་དེ་ལྟར་ཤོད་ཀྱི་འདུག ང་ཚོར་རང་བཙན་དགོས་ཀྱི་ཡོད་ཟེར་མཁན་མི་འདུག རང་བཙན་དགོས་ཀྱི་རེད་ང་ཚོར་ལོ་རྒྱུས་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་དང་བསྟུན་དགོས་ཞེས་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་འདུག ང་ཚོ་རྒྱ་གར་ནང་གཞོན་ནུའི་སྒྲིག་འཛུགས་ལ་ཆ་བཞག་ན་ང་ཚོར་རང་བཙན་ཐོབ་ཐང་ཡོད་ཟེར་གྱི་ཡོད་དེ་འགྲིག་པ་རེད། བར་སྐབས་ཞིག་ནས་རང་བཙན་ཐོབ་ཐང་གི་སྐད་ཆ་གཅིག་པུ་མིན་པར་ད་ཆ་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་སྐད་ཆ་དེ་ལྷག་ཡོང་གི་ཡོད། དེ་ཁྱད་མཚར་ཞིག་ཆགས་པ་རེད། ཐོབ་ཐང་རྩོད་རྒྱུ་གནས་ཚུལ་ཁག་ཁག་རེད་ངོས་ཀྱིས་དུས་རབས་བདུན་པ་བརྒྱད་པ་དགུ་པ་བརྗོད་རྒྱུ་དེ་རེད།
བར་སྐབས་ཞིག་ལ་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་བ་རེད་ཟེར་བའི་སྐད་ཆ་དེ་རི་བོང་ཅལ་འདྲོགས་ལྟར་བྱས་ཡོང་གི་འདུག དེ་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་འཇབ་སྐྱེལ་གྱི་ཡོད། བོད་ཕྱི་ནང་གཉིས་ཟེར་བ་དང་དགའ་ལྡན་ཕོ་བྲང་ཁྱབ་ཁོངས་དེ་དག་རང་བཙན་ཡིན་པའི་སྐད་ཆ་ཤོད་ཀྱི་ཡོད། དེས་སྤྱི་བྱིངས་ཀྱིས་རྒྱ་སྡེའི་བོད་རིགས་དེ་དག་ད་ཆ་སྐད་ཆ་མེད། བོད་ཕྱི་ནང་གཉིས་ཟེར་བའི་སྐད་ཆ་དེ་ཡོད་པ་རེད། གཟབ་གཟབ་བྱས་ན་མ་གཏོགས་དེ་ཚོའི་གྲས་དེ་འདྲ་ཡིན་པ་རེད།
དེ་ལས་དུས་རབས་བདུན་པ་བརྒྱད་པ་དགུ་པ་ཞེས་པ་དེ་ལབ་བཞག་ན་རྒྱ་མི་ཤེས་ཡོན་ཅན་ཚང་མས་དོན་གྱི་ཁས་ལེན་བྱེད་ཀྱི་ཡོད། བོད་དེ་རང་བཙན་ཡིན་པ་རྒྱ་ཡིག་ནང་ནས་ཤོད་ཀྱི་ཡོད་ང་ཚོ་ཕར་ཨུ་ཚུགས་རྒྱག་དགོས་མ་རེད། གཉིས་ནས་ཚོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་རེད་མ་གཏོགས་བོད་དུམ་བུ་ཕྱིན་པའི་རང་བཙན་མ་རེད་དེ་གལ་ཆེན་པོ་འདུག བོད་དུམ་བུར་ཕྱིན་ཚར་ཏེ་རལ་བ་ལྷན་པས་མ་ཁེབས་པའི་བཟོ་འདྲ་བྱས་ཏེ་བསྡད་པའི་སྐབས་ཀྱི་སྐུ་མདུན་སྐུ་གོང་མའི་དུས་ཚོད་མ་གཞི་སྐུ་ཕྲེང་བཅུ་བཞི་པས་སྐུ་ཕྲེང་བཅུ་གསུམ་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་བཟོ་འདྲ་འཇབ་སྐྱེལ་མཁན་བཟོ་འདྲ་འདུག གང་ལྟར་དེ་ཚོའི་གྲས་ལ་གཟབ་གཟབ་བསམ་བློ་བཏང་ན་མ་གཏོགས་མི་རེ་ཟུང་གི་འབོར་ཤོབ་དང་ཧ་ཅང་གི་འུར་ཤོབ་ཞིག་བཤད་དེ་བསམ་བློ་ཞེ་དྲག་མ་འཁོར་བར་མགོ་སྐོར་ཐེབས་ན་ཡག་པོ་མེད། གཟབ་གཟབ་བྱེད་མ་གཏོགས་ཤེས་སོང་ངམ། བར་སྐབས་ངོས་ཀྱི་གསལ་བཤད་བྱེད་རྒྱུ་འཁེལ་བྱུང་། དེ་འདྲ་ཡིན་དུས་ཉེ་ལམ་གཞོན་ནུའི་སྒྲིག་འཛུགས་ལ་ཆ་བཞག་ནའང་མཇུག་ཏུ་ཁོང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། ངོས་ཆབ་སྲིད་ཀྱི་ལས་ཀ་བཞག་ཚར་བ་རེད།
འོན་ཀྱང་ངོས་རང་བོད་པ་ཞིག་ཡིན་པས་འགན་ཡོད། གལ་ཆེ་ཤོས་བོད་མི་ས་ཡ་དྲུག་གི་ཚབ་དེ་ཕལ་ཆེར་ངོས་ཀྱི་བྱེད་ཐུབ་རྒྱུའི་རེ་བ་ཡོད་པ་ཞིག་རེད། གཞན་ཚོགས་གཙོས་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེར་ཁ་སྔོན་ངོས་ནས་ཌ་ལ་ཧོར་སིར་བརྗོད་པ་ཡིན། ང་ཚོ་མཉམ་དུ་ཡོད་བློ་བཟང་སེང་གེ་ལགས་བོད་མི་བཙན་བྱོལ་བས་འོས་བསྡུ་བྱས་པ་རེད་མ་གཏོགས་ཁྱེད་རང་གིས་བོད་མི་ས་ཡ་དྲུག་གི་ཚབ་ཕལ་ཆེར་བྱེད་ཐུབ་ཀྱི་མ་རེད་ངོས་ཀྱི་ཕལ་ཆེར་ཚབ་བྱེད་ཐུབ་རྒྱུ་ཡོད། ཅེས་རྩེད་མོ་དང་སྦྲགས་བརྗོད་རྒྱུ་བྱུང་། དངོས་ཡོད་གནས་ཚུལ་རེད་གཞིས་ལུས་རྒྱ་ཆེའི་མི་མང་གི་ཡིད་ཆེས་བྱེད་ས་ངོས་ཆགས་ཀྱི་ཡོད། དེ་བཞིན་ཉམས་མྱོང་ཐོག་ནས་ཆ་བཞག་ནའང་མི་འདུག་མི་འདུག་ཅེ་བརྗོད་ཀྱང་ལོ་བཅུ་དྲུག་ནས་བོད་བསྟན་སྲིད་ཀྱི་འགན་འཁྱེར་བ་ཡིན་ད་ཆ་ལོ་བདུན་ཅུ་དོན་བརྒྱད་དུ་སླེབས་ཡོད། ཉམས་མྱོང་མང་པོ་ཞེ་དྲག་བསགས་ཡོད། དེ་དག་ཕྱོགས་བསྡོམས་བྱས་ཏེ་ང་ཚོས་སྲིད་བྱུས་ཤིག་བཟོས་བཞག་པ་དེ་གློ་བུར་འགྱུར་བ་བཏང་བར་ཕྱིན་ན་ཡག་པོ་མི་འདུག དེར་བརྟེན་ངོས་དོན་རྒྱུ་འཁེལ་བ་རེད་ལ་ངོས་ཀྱི་གནས་ཚུལ་གསལ་བཤད་བྱས་པར་གཞོན་སྐྱེས་མང་པོ་ཞིག་གི་རྒྱུ་མཚན་མཐོང་སྟེ་བསམ་བློ་ཞིག་བཏང་གི་འདུག དེ་ཡང་དེ་རིང་ཞོར་འཕྲོས་ཡིན་ཁྱེད་རང་ཚོར་བར་སྐབས་གནས་ཚུལ་བྱུང་བ་དེ་དག་མཁྱེན་པ་བྱུང་ན་ཡག་པོ་རེད། ང་ཚོས་དབུ་མའི་ལམ་ཞེས་པའི་ལམ་ཕྱོགས་དེས་རྐྱེན་པས་ངོས་རང་ས་ཆ་ག་པར་ཕྱིན་ཀྱང་རྒྱ་རིགས་མཁས་པ། སློབ་ཕྲུག་ཐེ་ཚོམ་བྱེད་མཁན་ཧ་ལམ་ང་ཚོར་ངོ་རྒོལ་བྱེད་མཁན་དེ་ཚོའི་གྲས་དེ་དག་ང་ཚོས་སྤོབས་པ་བྱས་ཏེ་ཐུག་ཐུབ་ཀྱི་འདུག་ང་ཚོར་སྐད་ཆ་ཤོད་རྒྱུའི་སྤོབས་པ་ཡོད། ང་ཚོས་རང་བཙན་ཞེས་བརྗོད་པ་ཡིན་ན་རྒྱ་རིགས་དེ་དག་ཐུག་རྒྱུ་མེད་རྒྱབ་བསྟན་ནས་སྡོད་རྒྱུ་རེད། ཧ་རེ་ཝུ་ཞེས་པ་ལྟ་བུ་རེ་ཟུང་རེ་ཟུང་ཞིག་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མ་གཏོགས་ཞེ་དྲག་ཁག་པོ་རེད། རྒྱ་རིགས་ཚུར་ཐུག་པར་ཡོང་གི་མ་རེད། ང་ཚོས་རྒྱབ་བསྟན་ནས་སྡོད་རྒྱུ་རེད།
ང་ཚོས་རྒྱ་མི་རིགས་མཉམ་དུས་རྒྱབ་བསྟན་ནས་བསྡད་ནས་ང་ཚོས་རྒྱ་མི་རིགས་ང་ཚོས་གླགས་འཁེལ་གྱི་རེད་མ་རེད། ས་ཡ་དྲུག་དང་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་དེ་གདོང་ཐུག་བྱས་ནས་བསྡད་པ་ཡིན་ན་ང་ཚོར་ཁེ་བཟང་རག་གི་རེད་དམ། དེ་དངོས་ཡོད་གནས་ཚུལ་རེད། ང་ཚོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ང་ཚོའི་དཔུང་ལ་ཡོད་ཅེས་ལབ་ཀྱང་དེ་ཡང་མིག་མཐོང་ལག་འཛིན་གྱི་ནུས་པ་ཐོན་གྱི་མི་འདུག ང་ཚོས་ད་ལྟ་བར་དུ་ཞབས་བརྟན་སྒྲུབ་སྟེ་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཚང་མས་ཕྱིར་ཟློག་པར་གྱུར་ཅིག སྨད་པར་གྱུར་ཅིག ཞི་བར་གྱུར་ཅིག་ལབ་ཀྱང་གང་ཡང་ཕན་མ་སོང་དངོས་ཡོད་གནས་ཚུལ་ཐུག་དུས་དངོས་ཡོད་གནས་ཚུལ་རེད་མ་གཏོགས་དེ་ཁག་པོ་རེད་བསམ་བློ་ཏན་ཏན་བཏང་ན་མ་གཏོགས་མིག་ལྡན་གཡང་མཆོངས་ཟེར་བ་བྱས་པ་ཡིན་ན་ཡག་པོ་མེད། ཞེན་ཁོག་ཡིན་ཡང་བློ་ཆུང་ཕན་བཏགས་ཟེར་བ་བྱེད་རྒྱུ་མེད་གཟབ་གཟབ་བྱེད་ཨང་། འདི་ཁྱེད་རང་ཚོར་ཤོད་འདོད་བྱུང་། ཁྱེད་རང་ཚོས་འདིར་གཟབ་གཟབ་བྱས་ཏེ་ཉན་གྱི་འདུག བྱས་ཙང་ངོས་ཀྱི་ཨུ་ལུ་ལུད་པ་རེད་ཉན་ལ་མ་ཉན་བྱས་ན་ངོས་ཤོད་འདོད་མི་འདུག་ལ་ཤོད་ས་ཡང་མེད། བཀྲིས་བདེ་ལེགས། འབྲུག་པ་ཚོ་དང་སོག་པོ་ཚོར་ཆ་བཞག་ནའང་ངོས་ཀྱི་གོང་དུ་བརྗོད་པ་ལྟར་སོ་སོའི་མི་རིགས་ཀྱི་རིག་གཞུང་དེ་རྩ་ཆེན་པོ་ཞེ་དྲག་རེད་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད་ཤེས་སོང་ངམ། དེང་དུས་དང་གནའ་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་ནས་འགྲོ་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། གཞན་དེ་ཙམ་ཡིན། བཀྲིས་བདེ་ལེགས།།