༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་ (International day against Drug Abuse and Illicit Trafficking ) ཡིན་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ ཉིན་མེག་ལོར་རླངས་འཁོར་འབབ་ཚུགས་སུ་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ཚོགས་པ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་ཐོག་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་སྲུང་བརྩི་ཞུས་ཡོད། རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་སྲུང་བརྩི་ཞུ་དགོས་དོན་ནི་སྤྱི་ཚོགས་ནང་དམིགས་བསལ་གྱི་གཞོན་སྐྱེས་རྣམས་ལ་མྱོས་རྫས་ཀྱི་གནོད་སྐྱོན་ཐོག་གོ་རྟོགས་སྤེལ་རྒྱུ་དང་འབྲེལ་མྱོས་རྫས་རིགས་འགོག་ཐབས་སླད་དམིགས་པ་ཡིན། དེ་ཉིན་མི་མང་ལ་ལྟེབ་ཤོག་འགྲེམས་སྤེལ་དང་། སྟོད་ཐུང་རིན་མེད་བགོས་འགྲེམས་ཞུས་པ་མ་ཟད། གཉན་ནད་རེག་དུག་གི་གློག་བརྙན་འོད་སྡེར་འགྲེམས་སྤེལ་ཡང་ཞུས་ཡོད། ཡང་མེག་ལོར་དུ་རྟེན་གཞི་བྱས་པའི་ཡོངས་གླིང་དང་བོད་ཁྱིམ་ཉིན་སློབ་གཉིས་ཀྱི་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱིས་ཉལ་ཐག་བེད་སྤྱོད་མ་བྱེད་ཅེས་སོགས་ཀྱི་བརྗོད་ཚིག་འདྲ་མིན་ཤོག་ཐོག་ལ་བཀོད་པ་ལག་ཏུ་ཁྱེར་ནས་ཁྲོམ་གཞུང་ཁག་ལ་གོམ་བགྲོད་ཀྱིས་གོ་རྟོགས་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད། ཉིན་དེར་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ། དེ་བཞིན་སམ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ་གོ་རྟོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག