༢༠༡༣ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ ཉིན་རྡ་ས་བོད་ཁྱིམ་ཉིན་སློབ་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་སྡེ་ཚན་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཐོག་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་ཡོད། དེ་ཡང་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་། ཆབ་སྲིད་བཙོན་ཟུར་རྒན་གྲས་དང་ལས་བྱེད་བགྲེས་ཡོལ་བ་བླུ་ཡོན་ལགས། བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་གྱི་དྲུང་ཆེ་གངས་ལྷ་མོ་ལགས། འབྲེལ་ཡོད་ལས་བྱེད་དང་མི་མང་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བ་ལྷན་འཛོམས་ཐོག་བོད་བསྟན་སྲིད་དོན་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་འཛོམས་རྒྱུ་དེ་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཆེད་དུ་ཡིན། སྤྱིར་བཏང་མནར་གཅོད་ལ་རྣམས་གྲངས་མང་པོ་ཞིག་ཡོད་ཀྱང་ང་ཚོས་སྲུང་བརྩི་ཞུ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མནར་གཅོད་དང་སྡུག་སྦྱོང་མྱོང་བཞིན་པ་རྣམས་ཀྱི་ཆེད་སྲུང་བརྩི་ཞུ་གི་ཡོད། མནར་གཅོད་ཉིན་མོ་སྲུང་བརྩི་བྱེད་རྒྱུ་ནི་རྒྱལ་སྤྱིའི་ནང་ (The United Nations International Day in Support of Victims of Torture) ཞེས་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་འདི་ལོའི་མནར་གཅོད་ཉིན་མོ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དང་བརྗོད་གཞི་གང་འདྲ་ཡིན་མིན་དབྱིན་ཡིག་ཐོག་ཡོད་པ་དེ་ངས་སྒྲོགས་སྦྱང་ཞུ་གི་ཡིན། ཞེས་གསུངས་ཏེ་སྒྲོགས་སྦྱང་གནང་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་གྱི་དྲུང་ཆེས་མནར་གཅོད་ཉིན་མོ་དང་འབྲེལ་བའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་འདིར་འཛམ་གླིང་མི་མང་ཡོངས་ཀྱི་སྙན་ལམ་དུ་བོད་མི་ས་ཡ་དྲུག་གི་སེམས་འདུན་ནི་རྒྱ་ནག་དམར་པོའི་གཞུང་གིས་གཡོ་སྒྱུ་དང་ངན་སྤྱོད། འགྲོ་བ་མིའི་རིགས་ལ་མནར་གཅོད་དང་རྩུབ་སྤྱོད་ཇི་ཙམ་བཏང་ཡང་བོད་མི་རིགས་ཀྱིས་མནར་གཅོད་ལ་རྒོལ་བའི་རང་དབང་དང་བདེན་དོན་བརྩོན་ལེན་བྱ་བར་དུས་ནམ་ཡང་དཔའ་ངར་ཞུམ་མི་སྲིད། ཅེས་སོགས་ཀྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་རྗེས་ཆབ་སྲིད་བཙོན་ཟུར་རྒན་གྲས་བླུ་ཡོན་ལགས་ཀྱིས་རང་གིས་མྱོང་བ་དངོས་དང་འབྲེལ་བའི་ཕ་མ་སྤུན་གྲོགས་ལ་རྒྱ་དམར་གྱིས་མནར་གཅོད་ཇི་ལྟར་བཏང་བའི་ལོ་རྒྱུས་ངོ་སྤྲོད་གནང་རྗེས་དེང་སང་བོད་ནང་གི་གནས་སྟངས་འབྲེལ་བའི་བརྙན་འཕྲིན་ཞིག་བསྟན་རྗེས་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་གྲོལ་བ་བཅས།།