༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་བོད་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ། (New Socialist Villages) ཞེས་པའི་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ (Human Rights Watch) སེམས་འཚབ་དང་སྦྲགས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཤོག་གྲངས་ ༡༡༥ བྱས་པའི་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ། ཞེས་པའི་སྲིད་བྱུས་འོག་བོད་མི་གཞིང་འབྲོག་ས་ཡ་གཉིས་ཙམ་གནས་སྤོ་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་མི་དེ་དག་གི་འཚོ་བའི་མདུན་ལམ་ཙམ་མ་ཟད། བོད་མིའི་ཐུན་མིན་གྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་ཉེན་ཁ་འཕྲད་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༦ ནས་བོད་མི་ཞིང་འབྲོག་ས་ཡ་གཉིས་ཙམ་སོ་སོའི་སྡོད་ཁང་དང་སྡོད་གུར་ནང་རྒྱུན་ལྡན་ལྟར་འཚོ་བ་བསྐྱལ་མ་བཅུག་པར་བཙན་འོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ། ཟེར་བའི་ལས་གཞི་ལག་བསྟར་བྱས་ནས་བོད་མི་དེ་དག་ས་རྡོའི་སྡོད་ཁང་གསར་པའི་ནང་གནས་སྤོ་བྱེད་བཅུག་ཡོད།
རྒྱ་ནག་གཞུང་གིས་བོད་མི་ཞིང་འབྲོག་དེ་དག་གནས་སྤོ་མ་བྱས་གོང། ས་གནས་ཞིང་འབྲོག་གི་མང་ཚོགས་དེ་དག་ལ་གོ་བསྡུར་ཙམ་ཡང་མ་བྱས་པ་མ་ཟད། གུན་གསབ་འདང་ངེས་ཤིག་མ་སྤྲད་པར་བརྟེན། རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལག་བསྟར་བྱས་ཚེ་ལས་གཞི་དེ་ཁྲིམས་མཐུན་དུ་ཆགས་རྒྱུ་ཡིན་ནའང། ཐེངས་འདིར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་སྡོད་ཁང་དེ་དག་སྤུས་ཚད་ཞན་པ་དང། བོད་མི་ཞིང་འབྲོག་དེ་དག་གནས་སྤོ་བྱས་རྗེས་ཁོང་ཚོའི་འཚོ་བའི་མདུན་ལམ་སྔར་བཞིན་ཉམས་གསོ་མ་ཐུབ་པ། དེ་བཞིན་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་སྐྱོང་གི་གནས་བབ་ལག་བསྟར་བྱ་རྒྱུའི་ཆ་རྐྱེན་འཁོད་པ་དེ་དག་ལ་རྩིས་མེད་རྡོག་རོལ་བཏང་ཡོད།
དེ་ཡང་ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༢ བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་ནང་གནས་སྤོ་བྱེད་མཁན་བོད་མི་ཞིང་འབྲོག་ཚོར་དྲི་བ་འདྲི་སྐབས། ཁོང་ཚོའི་ཁྲོད་མང་ཆེ་བ་རྒྱ་ནག་གཞུང་གིས་བཙན་དབང་བཏང་བ་ལས་རང་གིས་དང་བླངས་ཐོག་ནས་གནས་སྤོ་བྱས་པ་ཞིག་མིན་པ་མ་ཟད། རྒྱ་ནག་གཞུང་གིས་ཁོང་ཚོར་གོ་བསྡུར་ཙམ་ཡང་བྱས་མེད་ཚུལ་དང། གནས་སྤོ་བྱས་རྗེས་ཁོང་ཚོར་རྒྱ་ནག་གཞུང་གིས་འཚོ་བའི་མདུན་ལམ་གསར་པའི་གདམ་ཁ་སྤྲོད་རྒྱུའི་ཚབ་ཏུ་འབྲོག་པ་རྣམས་ལ་སྒོ་ཕྱུགས་སེམས་ཅན་གྲངས་ཚད་ཧ་ཅང་ཉུང་དུ་བཏང་བཅུག་པ་དང་། རང་གི་སྡོད་ཁང་བཤིག་བཅུག་པ་སོགས་ལ་བརྟེན་དཔལ་འབྱོར་གྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་སྐོར་བརྗོད་ཡོད། བོད་མི་དེ་དག་གིས་ད་དུང་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གི་གསར་སྐྲུན་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་ནང་སྡོ་ཁང་འགའ་ཤས་བོད་མི་དེ་དག་གནས་སྡོད་བྱེད་སའི་དེ་སྔའི་སྡོད་ཁང་ལས་སྤུད་ཚད་ཞན་པ་དང། གནས་སྤོ་བྱེད་ཆེད་རྒྱ་ནག་དཔོན་རིགས་ཚོས་ཁས་ལེན་བྱས་པའི་ཆ་རྐྱེན་མང་དག་ཅིག་ཡོད་ཀྱང་ནམ་ཡང་ལག་བསྟར་བྱས་མེད་པ་བརྗོད་ཡོད་སྐོར་སྙན་ཐོའི་ནང་འཁོད་ཡོད།
གཞན་ཡང་སྙན་ཐོའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་ལོ་ ༢༠༡༢ ཟླ་ ༧ ནང་བོད་རང་སྐྱོང་ལྗོངས་ས་ཁུལ་འཇོ་མདའ་ (Jiangda) ནས་འབྲེལ་ཡོད་བོད་མི་ཁག་གཅིག་ལ་འདྲི་སྐབས་བོད་མི་དེས་བརྗོད་དོན། གྲོང་གསེབ་ཁུལ་གྱི་ཡུལ་མི་དེ་དག་རང་གི་སྡོད་ཁྱིམ་མི་འདོད་བཞིན་དུ་དོར་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབས་གསར་པ་ཟེར་བའི་ནང་མ་སྤོ་ཐབས་མེད་ཆགས་ཡོད། ཁོང་ཚོས་ཞིང་ལས་མ་གཏོགས་ལག་ཤེས་གཞན་གང་ཡང་ཤེས་ཀྱི་མེད། ད་ཆ་ཁོང་ཚོར་ས་ཞིང་དང་སྒོ་ཕྱུགས་སེམས་ཅན་གང་ཡང་མེད། དེར་བརྟེན་མི་རབས་རྗེས་མ་ཚོས་བོད་མིའི་ངོས་འཛིན་ཐོག་འཚོ་གནས་ཇི་ལྟར་ཐུབ་རྒྱུ་ཡིན་ནམ། ཞེས་བརྗོད་ཡོད།
ཕྱོགས་མཚུངས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་ནང་གནས་སྤོ་བྱེད་མཁན་ཡུལ་ཤུལ་ཁུལ་གྱི་བོད་མི་འབྲོག་པ་ཞིག་གིས་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ནང་བརྗོད་དོན། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་ནང་ང་ཚོར་ཡོང་ཁུངས་གང་ཡང་མེད་བཞིན་དུ་ནང་ཆས་དེ་དག་ཉོ་དགོས་འདུག འདིར་དངུལ་མེད་ན་འཚོ་ཐབས་ཧ་ཅང་དཀའ། རྒྱ་ནག་གཞུང་གིས་ང་ཚོར་ཟླ་རེར་རྒྱ་སྒོར་ ༥༠༠ སྤྲོད་བཞིན་པ་དེས་གློག་དང་ཆུ་རིན་ཙམ་ཡང་འདང་གི་མི་འདུག དེའི་ཁར་རང་གི་ཁ་ཟས་རང་གིས་ཉོ་དགོས། ཞེས་བརྗོད་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༣ ལོ་མཇུག་ཏུ་བོད་ཤར་ཕྱོགས་ཁུལ་དུ་བོད་མི་འབྲོག་པ་ ༡༡༣༠༠༠ ས་གནས་གཅིག་ཏུ་གཏན་སྡོད་བྱ་རྒྱུའི་ལས་འཆར་དེའི་ཐོག བོད་རང་སྐྱོང་ལྗོང་གི་ས་ཁུལ་དུ་ཕྱི་ལོ་ ༢༠༡༤ ལོ་མཇུག་ཏུ་ད་དུང་བོད་མི་འབུམ་དགུ་ཙམ་གནས་སྤོ་བྱེད་ཆེད་སྡོད་ཁང་གསར་པ་རྒྱག་རྒྱུའི་གསལ་བསྒྲགས་ཀྱང་སྤེལ་ཟིན་ཡོད། ཅེས་སྙན་ཐོའི་ནང་འཁོད་ཡོད།
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་སྐུ་སོ་ཕི་རི་ཆ་ཌི་སན་ Sophie Richardson མཆོག་གིས་གནད་དོན་འདིའི་སྐོར་གསུང་དོན། རྒྱ་ནག་གཞུང་གི་སྲིད་བྱུས་དེས་བོད་མིའི་འཚོ་བ་སྐྱེལ་སྟངས་ཀྱི་རྣམ་པ་དེར་གཞི་རྩའི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་གཏོང་བཞིན་ཡོད་ཀྱང། བོད་མི་ཚོར་དེའི་ཐོག་བསམ་ཚུལ་བརྗོད་རྒྱུའི་ཐོབ་ཐང་གང་ཡང་མེད་ཁར་རྒྱ་ནག་གཞུང་གིས་དེང་སྐབས་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་སྲིད་བྱུས་དེ་དག་ལ་གདོང་ལེན་བྱ་རྒྱུ་དེ་བས་བརྗོད་མི་དགོས། དེར་བརྟེན་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་འོག་བོད་མི་ཞིང་འབྲོག་རྣམས་གནས་སྤོ་བྱ་རྒྱུའི་སྲིད་བྱུས་དེས་བོད་རྒྱའི་མི་རིགས་དབར་འཁོན་འཁྲུག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཞེས་ལྕམ་སྐུ་སོ་ཕི་རི་ཆ་ཌི་སན་མཆོག་གིས་གསུངས་ཡོད།
ཐེངས་འདིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྒྱ་ནག་གཞུང་ལ་བོད་མི་ཞིང་འབྲོག་གནས་སྤོ་བྱ་རྒྱུའི་ལས་གཞི་དེ་རེ་ཞིག་མཚམས་འཇོག་གིས་སྲིད་བྱུས་དེ་དག་ལག་བསྟར་བྱས་པ་དེས་རྗེས་འབྲས་ཇི་བྱུང་རང་དབང་ཐོག་ནས་ཉམས་ཞིབ་བྱེད་འཇུག་དགོས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ United Nations Human Rights Council Special Rapporteurs བོད་ཀྱི་ས་ཁུལ་དེ་དག་ནང་གཟིགས་སྐོར་དུ་ཕེབས་རྒྱུར་ཡུན་རིང་ནས་རེ་འདུན་བཏོན་པ་དེར་ཁས་ལེན་བྱེད་དགོས། ཞེས་སྙན་ཐོའི་ནང་བཀོད་ཡོད།།