༢༠༡༣ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཨོ་རི་ས་ཕུན་ཚོགས་གླིང་དང། མན་སྤར། བྷན་རྡ་ར་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༥ ཉིན་བཀའ་བློན་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ དང་ ༢༨ བར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ལས་རིམ་དང། ཕྱི་ཟླ་ ༧ ཚེས་ ༡ དང་ ༢ བར་མན་སྤརགཞིས་ཆགས་དང་ཕྱི་ཚེས་ ༥ དང་ ༦ བར་བྷན་རྡ་ར་གཞིས་ཆགས་སོ་སོར་གཞུང་འབྲེལ་ལས་དོན་གནང་རྒྱུ་མ་ཟད།
ཐེངས་འདིའི་འཕྲོད་བསྟེན་བཀའ་བློན་མཆོག་ཕྱོགས་ཕེབས་གནང་དོན་ནི་མན་སྤར་དུ་ལག་བསྟར་བྱེད་བཞིན་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་འགྲོའི་ལས་འཆར། རྒྱང་ལྟ་སྨན་བཅོས་ལས་གཞིར་ (Tele Medicine) གཟིགས་སྐོར་དང། དེ་བཞིན་ལས་གཞི་འདི་བཞིན་ཨོ་རི་ས་དང་བྷན་རྡ་ར་གཞིས་ཆགས་སུ་འགོ་འཛུགས་བྱེད་ཐུབ་མིན་ཞིབ་འཇུག་གནང་རྒྱུ་དང། ཕྱོགས་མཚུངས་གཞིས་མི་རྣམས་ལ་བཀའ་ཤག་སྐབས་ ༡༤ པའི་ལྟ་གྲུབ་གསུམ་གྱི་སྐོར་སྤྱི་དང་། ལྷག་པར་བཀའ་ཤག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་གལ་ཆེར་རྩིས་བཞིན་ཡོད་པ། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་ཡོད་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་མ་ཟད། གོང་ཞུས་གཞིས་ཆགས་ནང་གི་བོད་མི་རྣམས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་ཐོག་གཟིགས་སྐོར་དང་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༧ ཉིན་བཀའ་བློན་མཆོག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ལྡི་ལིར་ཡོད་པའི་སྨན་པ་བསྟན་འཛིན་སྙན་གྲགས་ལགས་དང། སྨན་པ་བསྟན་འཛིན་གཡུ་ལོ། སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་བཅས་ཐུགས་འཕྲད་ཀྱིས་ཁོང་རྣམ་པར་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་ཆེ་ཁག་དང་འཕྲོད་བསྟེན་ཡན་ལག་སྨན་ཁང་བཅས་པར་བོད་པའི་སྨན་པ་དགོས་མཁོ་ཆེན་པོ་ཡོད་ལུགས་སྐོར་གོ་བསྡུར་དང་ལམ་སྟོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༨ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།