༢༠༡༣ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་འཁོད་དོན། རྒྱ་ནག་གཞུང་གི་བོད་རང་ལྗོངས་སྐྱོང་ནང་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༠ ནས་འགོ་འཛུགས་ཀྱིས་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ལྔ་སྟོང་བཏང་སྟེ། བོད་མི་ཚོར་རོགས་རམ་བྱེད་བཞིན་ཡོད། ཅེས་ཤོད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་རྒྱ་ནག་གཞུང་གི་ལས་བྱེད་དེ་དག་གི་ལས་འགན་གཙོ་བོ་ནི་བོད་ཀྱི་དགོན་སྡེ་ཁག་ནང་གཏན་སྡོད་བྱས་ཏེ་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སོགས་ཆབ་སྲིད་ཐོག་ཉིན་ལྟར་ཚོགས་འདུ་ཚོགས་བཅུག་པ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོ་ཟླ་རེར་ཐེངས་ལྔ་ཙམ་ལས་བྱེད་བཅུག་གི་མེད། དེ་བཞིན་ཞིང་འབྲོག་མང་ཚོགས་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་དང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་བོད་མིའི་བླ་ན་མེད་པའི་དྲིན་ཅན་ཡིན་ཞེས་སོགས་ཀྱི་སློབ་གསོ་དང་སློབ་སྦྱོང་བྱེད་འཇུག་གི་ཡོད། དཔལ་འབྱོར་ཐོག་ནས་བོད་མིར་རོགས་རམ་ཕྲན་བུ་བྱས་ཏེ་བསླུ་བྲིད་བྱེད་ཀྱི་ཡོད། འོན་ཀྱང་ཆོས་ལུགས་དང་ཆབ་སྲིད་ཐོག་སྔར་ལྷག་དམ་བསྒྲགས་དང་སྟངས་འཛིན་བྱེད་ཀྱི་ཡོད། སོགས་འཁོད་འདུག་པ་བཅས། །