༢༠༡༣ ཟླ་ ༦ ཚེས་༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས་དབུ་བཞུགས་ཐོག་ཁྲིམས་དྲུང་དང་། ཕྱི་དྲིལ་དྲུང་ཆེ། ས་གནས་ཁྲིམས་ཞིབ་པ། ལས་བྱེད། ཁྲིམས་རྩོད་པ། ཁྲིམས་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་གཉེར་བ་ཁྱོན་མི་གྲངས་ ༤༡ ལྷན་འཛོམས་ཐོག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོ་དེ་ཚུགས་ཡོད། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས་སྣང་གསལ་ཞལ་དབྱེ་དང་སྦྲགས་གསུང་བཤད་གནང་ཡོད།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་ནང་ངོ་སྤྲོད་གནང་བ་ལྟར་ན། ལྷན་ཚོགས་འདི་ཚོགས་དགོས་པའི་རྒྱུ་མཚན་ནི། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༦ ཉིན་སྐུ་ངོ་ངག་དབང་འཕེལ་རྒྱལ་མཆོག་གིས་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡུལ་ཁྲིམས་སློབ་ཐོན་པའི་ཚོགས་པ་འདྲ་བྱུང་ན་དེས་བོད་མི་དང་ཡུལ་མི་ཉམ་ཐག་ལ་རོགས་ཕན་བྱེད་ཐུབ་ན་ཡག་པོ་མེད་འགྲོ་ཞེས་བཀའ་སློབ་ཕེབས་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་གར་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་རང་རིགས་བཙན་བྱོལ་སྤྱི་ཚོགས་ནང་ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང་ཐོན་ཟིན་པ་དང་སློབ་སྦྱོང་བྱེད་མུས་ཡིན་པ་བཅས་བརྒྱུད་ལམ་འདྲ་མིན་ཁག་ནས་རྩད་འཚོལ་འབྲེལ་གཏུག་དང་། ལྷན་ཚོགས་གྲ་སྒྲིག་གི་ལས་དོན་ཡོངས་རྫོགས་ལ་འགན་ཁུར་བླངས་ཏེ་ད་རིང་དངོས་སུ་ཚུགས་ཐུབ་པ་བྱུང་སྐོར་ངོ་སྤྲོད་དང་སྦྲགས། ལྷན་ཚོགས་འདི་ལྟ་བུ་སྐོང་ཚོགས་ཀྱི་དགོས་དམིགས་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རིགས་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཆེ་མཐོང་གི་རྣམ་པ་སྟོན་ཐབས་དང་། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་པ་གང་མང་སྐྱེད་སྲིང་ཡོང་ཐབས། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱིས་ཆེད་ལས་ཀྱི་ནུས་སྟོབས་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་སྒྲུབ་ཐབས་ཇི་ཡོད་བཅས་ལ་གོ་བསྡུར་བགྲོ་གླེང་ཞིབ་རྒྱས་གནང་སྟེ། ཚོགས་བཅར་བའི་རྣམ་དཔྱོད་ལྷན་ཚོགས་འདིའི་ཐོག་སྤུངས་ཐུབ་ན། གྲུབ་དོན་སྙན་ཐོ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སོ་སོར་འབུལ་གཏོང་དང་། དེ་བཞིན་མཇུག་སྐྱོང་གི་བྱེད་སྒོ་ཁག་ཁུངས་སོ་སོར་ལག་བསྟར་ཆེད་འཇོག་འཆར་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ལྷན་ཚོགས་སུ་རྒྱ་གར་ནང་བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། དེ་བཞིན་རྒྱ་གར་གྱི་སྒེར་གཉེར་སྡེ་ཁག་གི་ཡུལ་ཁྲིམས་ལམ་སྟོན་པ་དང་ཁྲིམས་རྩོད་པ་བཅས་གྲངས་ ༢༩ དང་ཁྲིམས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ནང་སློབ་མ་གྲངས་ ༢༧ བཅས་བསྡོམས་གྲངས་ ༥༦ རྩད་གཅོད་བྱུང་ཁོངས་ནས་དངོས་སུ་ཚོགས་བཅར་གནང་མཁན་མི་གྲངས་ ༤༡ ཡོད་པ་དང་། ད་དུང་ཨ་རི་དང་ཁེ་ན་ཌ སུད་སི། དབྱིན་ཡུལ། ཧྥ་རན་སི། སི་པེན། ཨོ་སི་ཊོ་ལི་ཡ་བཅས་རྒྱལ་ཁབ་བདུན་གྱི་ནང་རང་རིགས་ཁྲིམས་ལུགས་སློབ་ཐོན་པ་དང་སློབ་མ་བསྡོམས་གྲངས་ ༤༣ ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འབྲེལ་གཏུག་བྱེད་ཐུབ་པ་བྱུང་ཡོད་འདུག ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གསུང་བཤད་གནང་སྐབས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། འབྲེལ་ཆགས་ལས་བྱེད་རྣམས་རིམ་བཞིན་ཁྲིམས་ལུགས་ཀྱི་ཤེས་ཡོན་ལྡན་པའི་མི་འགྲོ་ཤ་སྟག་ཡོང་རྒྱུ་ང་ཚོའི་མཐར་ཐུག་གི་དགོས་མཁོ་ཡིན་ལ་རེ་བའང་དེ་ཡིན། སྤྱིར་བཏང་མང་གཙོའི་ལམ་ལུགས་ཀྱི་ཀ་བ་ནི་ཁྲིམས་ཀྱིས་དབང་བསྒྱུར་ཡིན་ཞིང་། ཁྲིམས་ཀྱིས་དབང་བསྒྱུར་གྱི་གཞི་མ་ཁྲིམས་ལུགས་ཡིན་ལ། ཁྲིམས་ལུགས་ཀྱི་སྲོག་རྩ་ཁྲིམས་ལུགས་རིག་པ་བར་ཐུག་ཡོད་པས། ཁྲིམས་ལུགས་རིག་པ་བའི་རིགས་གཅིག་རྐང་འཛིན་ནི་ཆེད་ལས་གཞན་ལས་ཁྱད་དུ་འཕགས་པ་མ་ཟད། མང་གཙོའི་ལམ་སྲོལ་ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས་ལ་མཚོན་ན། ཁྲིམས་ལུགས་རིག་པ་བའི་ནུས་སྟོབས་ནི་དེ་བས་ཀྱང་རྩ་འགངས་ཆེན་པོ་ཡིན། ད་ལྟའི་བཙན་བྱོལ་གྱི་གནས་སྐབས་སུའང་། རང་རིགས་ཁྲིམས་ལུགས་རིག་པ་བའི་ཆེད་ལས་ཀྱི་ནུས་སྟོབས་ནི་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་གྱི་མཐུན་རྐྱེན་གལ་གནད་ཆེ་ཤོས་ཤིག་ཀྱང་ཡིན་ཞེས་དང་། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུའི་སྡིངས་ཆ་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞིག་རིམ་བཞིན་འཛུགས་ཐུབ་པའི་སྐོར་ལ་ཚོགས་མི་ལྷན་རྒྱས་ཚང་མས་ཐུགས་ཁུར་ཅི་ཆེ་གནང་བའི་རེ་འདུན་ཞུ་རྒྱུ་དང་། ཚོགས་པ་དེ་བཞིན་མ་འོངས་པར་རྒྱལ་སྤྱིའི་བོད་མིའི་ཁྲིམས་ལུགས་རིགས་པ་བའི་ཚོགས་པ་ཚད་ལྡན་ཞིག་ཆགས་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་ཐོག་ཕན་རླབས་ཆེན་པོ་ཡོང་བའི་རེ་བ་ཡོད་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདི་གར་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་བསྐོངས་ཚོགས་གནང་བ་གལ་ཆེན་པོ་རེད། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ གསུང་བའི་དམིགས་ཡུལ་དང་རེ་བ་གང་ཡིན་ཉིན་གསུམ་ནང་ཚོགས་འདུ་བསྐོངས་པ་བརྒྱུད་རེ་འབྲས་དོན་སྨིན་ཡོང་རྒྱུར་ངས་ཀྱང་རེ་བ་ཞུ་གི་ཡོད། དེ་རིང་ངོས་ཀྱི་གནད་དོན་གསུམ་ཙམ་ཞུས་ན་བསམ་བྱུང་། ང་ཚོས་ཁྲིམས་ཐོག་སློབ་སྦྱོང་བྱས་ནས་བོད་པའི་རྩ་དོན་དང་། རྒྱལ་སྤྱི། སྤྱི་ཚོགས་བཅས་གསུམ་གྱི་ཐོག་ལ་ཞབས་ཞུ་གང་འདྲ་ཞུ་ཐུབ་རྒྱུ་ཡོད་པའི་སྐོར་ལ་ཞུས་ན་བསམས་བྱུང་། རྣམ་པ་ཚོ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་མ་འོངས་པ་ཞབས་ཕྱི་མཁན་དང་འགན་འཁྱེར་མཁན་ཞིག་ཆགས་དགོས་ཀྱི་ཡོད། རྩ་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་སློབ་སྦྱོང་བྱས་པ་ཡིན་ན་གནད་འགག་ཆེན་པོ་ཆགས་ཡོད། དཔེར་ན་རྒྱ་གར་རང་བཙན་རྩོད་པའི་སྐབས་ལ་མ་ཧཱཏྨཱ་གྷན་རྡི་མཆོག་དང་པཎ་ཌི་ཏ་ཇ་ཝ་ཧལ་ལ་ནྷེ་རུ་རྣམ་པ་གཉིས་ཀ་ཁྲིམས་ཀྱི་སློབ་སྦྱོང་གནང་ཡོད། ཨ་རི་ལྟ་བུ་ཡིན་ན་མཚན་སྙན་གྲགས་ཆེ་བ་ལིན་ཁོན་མཆོག དེ་བཞིན་ཁི་ལིན་ཊོན་མཆོག
ད་ལྟའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག ཧི་ལི་རི་ཁི་ལིན་ཊོན་མཆོག་ཚང་མ་ཁྲིམས་ཀྱི་སློབ་སྦྱོང་བྱས་པ་ཆགས་ཡོད། འགྲོ་སྟངས་བྱས་པ་ཡིན་ན་གྲོས་ཚོགས་ཁག་མང་ཆེ་བར་འཐུས་མི་རྣམ་པ་ཁྲིམས་ཀྱི་སློབ་སྦྱོང་བྱས་པ་མང་བ་ཆགས་ཡོད། ཁྲིམས་དང་རྩ་ཁྲིམས་དེ་ཧ་གོ་བའི་གནས་སྟངས་ལ་བརྟེན་ནས་རང་བཞིན་གྱི་ལུང་པ་ཁག་གི་གྲོས་ཚོགས་ནང་ཞབས་ཞུ་བྱེད་མཁན་མང་ཆེ་བ་ཁྲིམས་རྩོད་པ་ཆགས་ཡོད།
སྤྱི་ཡོངས་ནས་ལས་དོན་འགོ་ཁྲིད་དང་གྲོས་ཚོགས་ཕྱག་ལས་གནང་མཁན་ཁྲིམས་རྩོད་པ་ཡིན་དང་ཡིན། ཁྲིམས་སློབ་སྦྱོང་བྱེད་མཁན་མང་པོ་ཞེ་དྲག་དང་ལག་འཁྱེར་ཡོད་དུས་ཏན་ཏན་བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ཐུགས་ཕན་གསོས་པའི་ཆ་རྐྱེན་གཙོ་ཆེ་བ་ཁྲིམས་ཀྱི་ལག་འཁྱེར་གལ་ཆེན་པོ་ཆགས་ཡོད། སོགས་དང་ལྷག་པར་ཁོང་གིས་མང་གཙོ་དང་རྩ་དོན་རྩོད་མཁན་དབར་ལ་ལྟ་གྲུབ་ཐད་རང་བཞིན་གྱི་འགལ་ཟླ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོའི་བོད་མིའི་སྒྲིག་འཛུགས་འདིར་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་མང་གཙོ་ཞིག་ཡིན་ཟེར་བ་མིང་དོན་མཚུངས་ཀྱི་ཡོད་སྐོར་དང་། བོད་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་ལུགས་ཀྱི་ཤེས་ཡོན་ལྡན་པའི་ཁྲིམས་ཐོག་གི་རྩོམ་ཡིག་འབྲི་མཁན་བོད་མིའི་ནང་ཧ་ཅང་དཀོན་པོ་ཡིན་སྐོར་དང་། ཁྲིམས་རྩོད་པ་རྣམས་འབྲེལ་བ་དམ་ཟབ་ཀྱི་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་རིགས་ལ་ཞབས་ཞུ་གང་ལེགས་སྒྲུབ་ཐུབ་རྒྱུ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཉིན་གསུམ་རིང་གི་ལྷན་ཚོགས་ཀྱི་གྲོས་གཞི་ཁག་ལ་རྒྱབ་སྐྱོར་དང་ལག་ལེན་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་རྣམ་གཉིས་ཀྱང་ཕེབས་ཞུགས་གནང་འདུག
ཕྱི་ཚེས་ ༢༨ ནས་ ༣༠ བར་གྱི་ཉིན་གསུམ་རིང་གི་ཚོགས་འདུའི་ལས་རིམ་ནང་། ཉིན་དང་པོར་དབུ་འབྱེད་མཛད་སྒོའི་རྗེས་སུ་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་འཛིན་སྐྱོང་སྐོར་ངོ་སྤྲོད་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འགན་དབང་། ལས་དོན་བྱེད་ཕྱོགས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་པ་དང་།
ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ། ཉིན་རྒྱབ་ནས་བོད་མིའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་འཛུགས་རྒྱུའི་གྲོས་གཞིའི་ཐོག་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས་གོ་བསྡུར་གནང་སྟེ། ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་བསྡོམས་གྲུབ་མཚམས། ལྷན་ཚོགས་ཐོག་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྒྱུའི་ལས་འཆར་བསྒྲིགས་འདུག་པ་བཅས།