༢༠༡༣ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཕེབས་འབྱོར་གྱིས་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་བའི་ནང་དོན་གཙོ་བོ། བོད་མི་ནང་ཁུལ་འཆམ་མཐུན་རྡོལ་རྩ་ཆིག་སྒྲིལ་གནང་རྒྱུ་གལ་འགངས་ཆེ་ཤོས་ཡིན་པ་དང༌། ན་གཞོན་རྣམས་ནས་སློབ་སྦྱོང་མཇུག་སྐྱོང་ཐོག་རིགས་གཅིག་རྐང་འཛིན་གྱི་ཁྱད་ལས་པ་ཐོན་ཐབས། རང་གི་སྐད་ཡིག་མ་བརྗེད་པར་སྦྱོང་བརྡར་ཐོག་རྒྱུན་དུ་བེད་སྤྱོད་གནང་རྒྱུར་གཙོ་ཆེ་ཕ་མ་གཉིས་དང༌། ཕྲུ་གུ་བཅས་ནས་ལྷོད་གཡེང་དུ་མ་སོང་བ་གནང་རྒྱུ་གལ་ཆེན་པོ་ཡིན་པ། བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཐོག་ལོ་རེའི་འབུལ་འབབ་དྭང་བླང་དཔྱ་དངུལ་འབུལ་རྒྱུ་ནི་བོད་མི་ཚང་མས་སྤྱི་པའི་ཁྲིམས་སྒྲིག་ཁག་ལ་གུས་བཀུར་ཐོག་ཆད་མེད་འབུལ་རྒྱུ་གལ་ཆེ་ཡིན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་དང་ཡང་སྒོས་འཛམ་གླིང་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་མུས་ཡིན་པ། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུར་སྲིད་བྱུས་བཟུང་དང་འཛིན་བཞིན་པའི་ཐབས་ལམ་བཟང་ཤོས་ཡིན་པ་བཅས་སོགས་ཀྱི་གསུང་བཤད་གནང༌། སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་ལྷན་བཅར་ཐོག་ཕེབས་བསུའི་གསུང་བཤད་དང༌། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་གྲུབ་ཚེ་རིང་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་ཡོད། དེ་ནས་ཚོགས་གཙོ་མཆོག་གིས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ས་གནས་བོད་མི་རིགས་མཐུན་ཚོགས་ནས་ཚོགས་གཙོ་མཆོག་དང༌། སྤྱི་ཟུར། དོན་གཅོད་ལས་ཁང་གི་ལྷན་བཅར་ལས་བྱེད་བཅས་ལ་གསོལ་ཚིགས་ཕུལ་ཐོག་སྣེ་ལེན་གཟབ་རྒྱས་ཞུས། ཕྱི་ཚེས་ ༡༩ ཉིན་རྒྱལ་ས་ཀེན་སྦེ་རར་ཆེད་ཕེབས་ཐོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཁལ་ཌེན་སྦི་མཆོག་དང༌། སྐུ་ཞབས་ཝ་རེན་ཨིན་ཅི་མཆོག ལྕམ་སྐུ་ས་ར་ཧན་སེན་ཡང་མཆོག ལྕམ་སྐུ་ལཱ་རི་ས་ཝ་ཀྲརསེ་མཆོག དེ་བཞིན་ཕྱི་སྲིད་ལས་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་བཅས་མཇལ་འཕྲད་གནང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང༌། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་པ་དང༌། ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་བཅས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། གྲོས་ཚོགས་གོང་མའི་ཚོགས་མི་ལྕམ་སྐུ་སཱ་ར་ཧན་སེན་ཡང་མཆོག་གིས་གྲོས་ཚོགས་ནང་ཕྱི་ཚེས་ ༡༩ ཉིན་བོད་དོན་སྐོར་གྲོས་འཆར་ཞིག་ཕུལ་ཏེ་རྒྱབ་སྐྱོར་གནང་བཞིན་ཡོད་གནས་བཅས་གསུང་བཤད་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༦།༠༠ ཐོག་ས་གནས་བོད་རིགས་མཐུན་ཚོགས་ནས་ཕེབས་བསུའི་གསོལ་ཚིགས་དང༌། མང་ཚོགས་ལ་གསུང་བཤད་ཟབ་རྒྱས་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༢༡ ཉིན་ཚོགས་གཙོ་མཆོག་གི་ལས་འཆར་ཁག་ལེགས་གྲུབ་ཟིན་རྗེས་སི་ཌི་ནི་ནས་ཧོང་ཀོང་བརྒྱུད་ལྡི་ལིའི་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག གཞན་ཡང་ཚོགས་གཙོ་མཆོག་ནས་གཞི་རྒྱ་ཆེ་བའི་བོད་དོན་འདུ་འཛོམས་ཀྱི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་བོད་ནང་གི་ཛ་དྲག་ཇི་ཆགས་དངོས་ཡོད་གནས་སྟངས་ཁག་འགྲེལ་བརྗོད་དང༌། མང་ཚོགས་ནས་ཐུགས་སྣང་ཆེན་པོས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ། དེ་བཞིན་ས་ཁུལ་སོ་སོའི་གྲོས་ཚོགས་འཐུས་མིར་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་ཞུ་གཏུག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས།།