༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༅༅། རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་གཞིས་སྒར་ (Clementown) དུ་དོན་གྲུབ་གླིང་ཆོལ་གསུམ་སྒྲོལ་མ་ཚོགས་པ་ནས་གོ་སྒྲིག་ཐོག་བོད་རྒྱལ་ལོ་ ༢༠༤༠ བོད་ཟླ་ ༣ ཚེས་ ༣༠ ནས་བོད་ཟླ་ ༤ ཚེས་ ༡༩ བར་ཉིན་གྲངས་ ༡༩ རིང་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་སྐྱེ་འགྲོ་བདེ་ཐབས་རྒྱལ་གཅེས་པ་བཅས་ལ་དམིགས་ཏེ་དཔལ་བཀྲ་ཤིས་འཁྱིལ་དགོན་གྱི་དགེ་འདུན་པ་ལྔ་གདན་ཞུས་ཐོག་ས་གནས་མི་མང་རྒན་གཞོན་དར་གསུམ་མི་གྲངས་ ༦༠ ཙམ་ཉིན་ལྟར་ཆག་མེད་ལྷན་འཛོམས་ཐོག་ཆུ་ཚོད་ ༣ རིང་ཞབས་རིམ་སྨིན་སྒྲུབ་ཞུས་པ་ལས་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་ཁྱོན་བསྡོམས་གྲངས་ ༢༠༣༡༥༣ དང་། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གྲངས་ ༨༥༥ བདེན་ཚིག་སྨོན་ལམ་གྲངས་ ༨༥༥ བདེན་པའི་རྔ་སྒྲ་གྲངས་ ༢༢༨ དམ་ཚིག་བཟླས་པ་གྲངས་ ༢༢༨ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཟུངས་སྔགས་གྲངས་ ༡༠༠༠༥ བཅས་དང་ས་ཟླའི་ཚེས་ ༡༥ ཉིན་དགེ་འདུན་བཅུ་གདན་ཞུས་ཀྱི་ཚོགས་མཆོད་རྒྱས་འབུལ་དང་། ཧ་རི་རྡུ་ལྦར་གཙང་པོར་ཉ་སྲོག་བླུ་ཀི་ལོར་གྲངས་ ༣༤༠ དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་མཆོད་མཇལ་དུ་ཕེབས་པའི་མི་མང་ལ་ཆུ་མངར་གྲང་མོ་སྦྱིན་གཏོང་གནང་ཡོད་པ་མ་ཟད།
བོད་ཚེས་ ༡༧ ཉིན་མ་སུ་རི་ལྷ་གསོལ་རི་ལ་དགེ་འདུན་གསུམ་གྱི་འཕྲིན་གསོལ་བསངས་མཆོད་དང་རླུང་རྟ་དར་བཙུགས་རྒྱས་པ་སོགས་ཀྱི་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་སྐྱེ་འགྲོ་བདེ་ཐབས། རྒྱལ་གཅེས་དཔའ་བོ་དཔའ་མོ་བཅས་ལ་དམིགས་ཏེ་ཞབས་རིམ་སྨིན་སྒྲུབ་རྒྱ་ཆེ་གནང་འདུག་པ་བཅས།།