༢༠༡༣ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ཀོངྒ་རེ་སི་ཆབ་སྲིད་ཚོགས་པས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེ་དང་དབུས་གཞུང་གིས་ད་བར་བོད་དོན་ཐོག་འཛིན་བཞིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེར་བསྐྱར་ཞིབ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ཀོངྒ་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁ་ཕ་བྷེང་གི་ཡ་(Kahfa Bengia) ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་སྐད་ཡིག རིག་གཞུང། གོམས་གཤིས། ཁོར་ཡུག་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་ནི། བོད་ནང་རྒྱ་རིགས་ཧ་ཅང་མང་པོ་སྤོ་བཞུད་ཀྱིས་བོད་མི་ཚོ་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད། དེ་བཞིན་བོད་མི་ཚོ་དཔལ་འབྱོར་ཟུར་ཕུད་ཀྱི་དཀའ་ངལ་འོག་གནས་བཞིན་པ་མ་ཟད། བོད་ཀྱི་ཆུ་དང་རང་བྱུང་གཏེར་ཁ་སོགས་སྔོག་འདོན་ཧ་ཅང་རྒྱ་ཆེ་བྱས་པ་སོགས་ལ་བརྟེན་ནས་བོད་མི་ཚོ་ད་ཆ་འ་ཆད་འུ་ཐུག་གི་གནས་སུ་གྱར་ཏེ། བོད་ཀྱི་ས་ཁུལ་འདྲ་མིན་ནས་བོད་མི་ཧ་ཅང་མང་པོས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་གར་གཞུང་གིས་ཕྱི་འབྲེལ་སྲིད་བྱུས་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་ནོར་འཁྲུལ་དང་འཐུས་ཤོར་ཆེ་ཤོས་ཕྱིན་ཡོད་པ་ནི་བོད་དང་བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ཞིག་ཡིན་པར་ངོས་འཛིན་བྱས་པའི་སྲིད་བྱུས་དེ་ཆགས་ཡོད། རྒྱ་གར་གཞུང་གི་ངར་ཤུགས་མེད་པ་དང་འཁྲུལ་གཞི་ཅན་གྱི་སྲིད་བྱུས་དེ་དག་ལ་བརྟེན་ནས་ཕྱི་ལོ་ ༡༩༦༢ ལོར་རྒྱ་མིས་རྒྱ་གར་ནང་བཙན་འཛུལ་ཆེད་དམག་བརྒྱབ་ཡོད། རྒྱ་གར་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་གཞི་རིམ་གྱི་འགྱུར་བ་གཏོང་ཆེད་ཐོག་མར་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེ་འདོན་དགོས་པ་ཙམ་མ་ཟད། རྒྱལ་ནང་དང་ལྷག་པར་ཨ་རུ་ནཱ་ཅལ་གཙོ་བོར་གྱུར་བའི་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཙམ་མ་ཟད། བོད་ནང་གི་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་བཞིན་པ་དེར་རྒྱབ་སྐོར་གནང་རྒྱུ་དེ་ཡིན། རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པའི་རྗེས་འབྲས་ལ་རྟེན་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་མི་མང་རྣམས་ལ་གནོད་སྐྱོན་ཆེ་ཤོས་ཕོག་ཡོད། ཅེས་སོགས་འཁོད་ཡོད།
.