༢༠༡༣ ཟླ་༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་བྷེལ་ཇམ་རྒྱལ་ས་བྷར་སེལ་(Brussels) དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་(European Parliament) བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ལྷན་ཚོགས་ཤིག་ཚོགས་ཡོད། ལྷན་ཚོགས་གོ་སྒྲིག་གནང་མཁན་བྷར་སེལ་སྐུ་ཚབ་དོན་ཁང་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།(ICT) དེ་བཞིན་རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས་(UNPO) བཅས་ཡིན་འདུག དེ་ཡང་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ཡུ་རོབ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་ཏུ་ཧ་སི་ (Satu Hassi ) མཆོག་དང། སྐུ་ཞབས་ཐོ་མ་སི་མན་ (Thomas Mann) མཆོག དེ་བཞིན་སྐུ་ཞབས་ལི་ཌི་ཡཱ་ཇོན་ན་གེ་རིང་གར་ཌེ་ཨོ་ཌེན་བྷག་ (Lidia Joanna Geringer de Oedenberg) བཅས་ཡིན་འདུག ཐེངས་འདིའི་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཡིན་ པ་དང་ཁོང་གིས་སྐབས་དེར་མཐོ་སྒང་བོད་ཀྱི་རྩྭ་ཐང་ཉམས་ཆག་དང་མཁའ་རླུང་སྦག་བཙོག་བཟོ་བཞིན་པ། དེ་བཞིན་བོད་ཀྱི་གཙང་ཆུ་དང་རྒྱུག་ཆུ་སོགས་ལ་ཆུ་མཛོད་བརྒྱབ་པ་དང་ཁ་འགྱུར་བྱས་དང་བྱེད་མུས་ཡིན་པ་མ་ཟད།
འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་ཚད་ཧ་ཅང་མྱུར་པོའི་ཐོག་འགྲོ་བཞིན་པ་སོགས་རང་འབྱུང་ཁོར་ཡུག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་སྐོར་བགྲོ་གླེང་གནང་ཡོད། སྐབས་དེར་ཁོང་གིས་གཏམ་བཤད་གནང་བའི་ནང། འཛམ་གླིང་ཡང་ཐོག ཅེས་ཡོངས་སུ་གྲགས་པའི་མཐོ་སྒང་བོད་ཀྱི་རྩྭ་ཐང་དང། འཁྱགས་རོམ། རྒྱུག་ཆུ་སོགས་ཧ་ཅང་མྱུར་པོའི་ཐོག་ནས་ཉམས་རྒུད་འགྲོ་བཞིན་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་མིའི་བྱ་སྤྱོད་དང་རྒྱ་ནག་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སོགས་ལ་བརྟེན་ནས་ཡིན་པ་ནི་གསེར་དང་ཟངས་སོགས་ས་འོག་གཏེར་ཁ་སྔོག་འདོན་བྱེད་མཁན་བཟོ་གྲྭ་དེ་དག་གིས་གཏེར་ཁ་སྔོག་འདོན་ཆེད་ཤིང་ནགས་གཅོད་བྲེག་དང་ས་དོང་ཕོན་ཆེ་བྲུས་པ་སོགས་ལ་བརྟེན་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་བཞིན་ཡོད། འཁྱགས་རོམ་བཞུར་ཚད་མྱུར་བ་དང་ཆུའི་ཐོན་ཁུངས་ལ་འགོག་རྐྱེན་བཟོས་པར་བརྟེན་ཆུ་གཞུང་ལ་གནས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ནང་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་ལ་དོ་ཕོག་གཏོང་བཞིན་ཡོད་སྐོར་གསུངས། གཞན་ཡང་ལྷན་ཚོགས་སྐབས་དངོས་བྱུང་གློག་བརྙན་ “Nomad to Nobody” ཞེས་པ་དེ་བསྟན་ཡོད།
སྐབས་དེར་སྐུ་ཞབས་ས་ཏུ་ཧ་སི་ (Satu Hassi) མཆོག་དང། སྐུ་ཞབས་ཐོ་མ་སི་མན་ (Thomas Mann) མཆོག་སོགས་ཀྱིས་གྲོས་ཚོགས་ནང་ལྷན་ཚོགས་འདི་རིགས་མུ་མཐུད་གོ་སྒྲིག་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང། བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག་པ་བཅས།།