༢༠༡༣ ཟླ་ ༦ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱལ་རི་སྒྲོལ་མ་མཆོག་ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་༢༠ ནས་ ༢༣ བར་སྦེང་ལོར་ཁུལ་གཞུང་འབྲེལ་གཟིགས་སྐོར་གནང་སྐབས་ཀར་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་གིས་གཙོས་གནད་ཡོད་དཔོན་རིགས་ཁག་གཅིག་དང་འྷན་མཇལ་འཕྲད་དང། དེ་བཞིན་སྦེང་ལོར་ནི་ལ་མ་གྷ་ལམ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་གཟིགས་སྐོར་གནང་ཡོད།
དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ནང་སྲིད་བཀའ་བློན་མཆོག་དང་རྒྱ་གར་ནང་བསྐྲ་བཟོ་མཁན་སྙན་གྲགས་ཅན་སྐུ་ཞབས་ཇ་ཝེ་ཌི་ཧ་བྷིབ་ Jawed Habib ལགས་རྣམ་གཉིས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ནི་ལ་མ་གྷ་ལམ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་ཆེད་ཕེབས་གནང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སྙིང་བསྡུས་གནང་ཐོག་སློབ་ཕྲུག་རྣམས་ལ་རྒྱུན་དུས་ཡ་རབས་བཟང་སྤྱོད་ལྡན་པ་བྱ་གལ་དང་། སོ་སོའི་རྐང་པའི་སྒང་ལ་ལངས་ཐུབ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ལམ་སྟོན་གསུང་བཤད་གཟབ་རྒྱས་གནང་ཡོད། དེ་ནས་སྐུ་ཞབས་ཇ་ཝེ་ཌི་ཧ་བྷིབ་ལགས་ནས་སློབ་ཕྲུག་ཚོར་སྦྱོང་བརྡར་ཧུར་ཐག་གནང་དགོས་པ་དང་ཁོང་གི་སྐྲ་བཟོ་ཁང་ཁག་ཏུ་ལས་ཀ་བྱེད་མདུན་ཡོད་ཚེ་སོ་སོའི་ལོ་རྒྱུས་འབུལ་གཏོང་དགོས་པ་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། མ་འོངས་པར་ནི་ལ་མ་གྷ་ལམ་སྦྱོང་བརྡར་ལྟེ་གནས་ཁང་དང་ཇ་ཝེ་ཌི་ཧ་བྷིབ་སྐྲ་བཟོ་ཁང་དབར་ཕན་ཚུན་གཉིས་མོས་ཀྱིས་ཐོག་བསྐྲ་བཟོ་ལས་རིགས་དང་འབྲེལ་བའི་མཉམ་ལས་གནང་ཕྱོགས་སྐོར་སོགས་བཀའ་བསྡུར་གནང་། ད་ལྟ་ནི་ལ་མ་གྷ་ལམ་ལས་རིགས་སྦྱོང་བརྡར་ཁང་དུ་ན་གཞོན་གྲངས་ ༣༩ ལ་བསྐྲ་བཟོ་དང་། མཛེས་བཟོ། འཚེམ་བཟོ། ཀམ་པུ་ཊར་བཟོ་བཅོས་དང་དྲ་རྒྱ་འབྲེལ་མཐུད། སྨན་བཅོས་སྙན་ཐོ་ཡིག་བྲིས། མ་བྱན་བཅས་ཀྱི་ལས་རིགས་འདྲ་མིན་ཐོག་སྦྱོང་བརྡར་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༣ ལོར་སྦྱོང་བརྡར་ཁང་འདི་འགོ་འཛུགས་བྱས་པ་ནས་བཟུང་ད་བར་ན་གཞོན་བུ་གྲངས་ ༥༥༩ དང་བུ་མོ་གྲངས་ ༥༥༤ བཅས་བསྡོམས་ན་གཞོན་གྲངས་ ༡༡༡༣ ལས་རིགས་འདྲ་མིན་གྱི་ཐོག་སྦྱོང་བརྡར་ཐོན་ཐུབ་པ་བྱུང་འདུག
ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ནང་སྲིད་བཀའ་བློན་མཆོག་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས S V Ranganath མཆོག་མཇལ་འཕྲད་ཀྱིས་ཁོང་གིས་ད་བར་ཀར་ཎ་ཊ་ཀའི་ནང་གནས་སྡོད་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ཆེད་རོགས་སྐྱོར་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་མངའ་སྡེའི་ལས་གཞི་ཁག་ནས་སྤྱི་ཚོགས་བདེ་དོན་དང་ན་གཞོན་དང་འབྲེལ་བའི་ལས་གཞི་ནང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་རོགས་སྐྱོར་གནང་ཐབས་དགོངས་བཞེས་ཡོང་བ་ཞུས་ཡོད། དེའི་ཉིན་ཕྱེད་ཡོལ་སྦེང་ལོར་དུ་རྟེན་གཞི་བྱས་པའི་ ( The Energy and Resource Institute) ཞེས་པའི་ཁོར་ཡུག་སྲུང་སྐྱོབ་དང་རང་འབྱུང་ཁམས་ཀྱི་ནུས་ཤུགས་ཡར་རྒྱས་གཏོང་ཕྱོགས་སོགས་ལ་ཞིབ་འཇུག་དང་། སྦྱོང་བརྡར། དེ་འབྲེལ་ཆེད་ལས་ཀྱི་རོགས་སྐྱོར་སོགས་ཀྱི་སྐོར་ལས་འགུལ་སྤེལ་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་དེར་ཕེབས་ཏེ་མ་འོངས་པར་ཚོགས་པ་དེ་བརྒྱུད་ནས་བོད་མིའི་གཞིས་ཆགས་ཁག་ལ་སྐྱེ་ལྡན་སོ་ནམ་ལས་གཞི་དང་། ཁོར་ཡུག་གཙང་བཟོ་དང་འབྲེལ་བའི་ལས་གཞི། ཉི་འོད་གློག་གི་ལས་གཞི་སོགས་ཀྱི་ཐོག་རོགས་སྐྱོར་ཞུ་ཕྱོགས་ཇི་ཡོད་བཀའ་བསྡུར་གནང་ཡོད།
ཕྱི་ཟླ་ ༦ ཚེས་ ༢༢ ཉིན་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ H.D kumaraswamy ཀུ་མར་སོ་མི་མཆོག་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་བ་དང་ཁོང་སྒེར་གྱི་བརྙན་འཕྲིན་ Kasthuri TV channel བརྒྱུད་བདུན་རེར་ཚོུད་ཕྱེད་རིང་བོད་སྐད་ཐོག་བོད་པའི་སྐོར་གནས་ཚུལ་རྒྱང་བསྲིང་གནང་ཐབས་ཡོང་བ་ཞུས་པར་ཞལ་བཞེས་གནང་ཡོད་ཀྱང་གནང་ཕྱོགས་སྐོར་འབྲེལ་ཡོད་ལས་བྱེད་དང་ཞིབ་བསྡུར་དགོས་པའི་ལམ་སྟོན་གནང་། དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས Siddarmaiah སི་རྡ་ར་མིཡ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ངོས་ནས་ཁོང་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ལས་དོན་མཐའ་དག་བསམ་དོན་བཞིན་གྲུབ་པའི་སྨོན་འདུན་ཞུས། དེ་བཞིན་ད་བར་མངའ་སྡེའི་སྲིད་གཞུང་རིམ་བྱོན་གྱིས་མངའ་སྡེའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་གཟིགས་སྐྱོང་ཧ་ཅང་རྒྱ་ཆེ་གནང་བར་ཐུགས་རྗེ་བཀྲིན་ཆེ་བ་ཞུས་ཡོད། མངའ་སྡེའི་བློན་ཆེན་མཆོག་གིས་ཀྱང་ཐུགས་བརྩེ་ཆེན་པོའི་སྒོ་ནས་བོད་མི་རྣམས་སྐུ་མགྲོན་ཡིན་སྐོར་གསུངས་པ་དང་། ཁོང་ཉིད་རིང་མིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་མཉམ་ཞུགས་གནང་ཆེད་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འཆར་ཡོད་སྐོར་གསུངས་ཡོད། ནང་སྲིད་བཀའ་བློན་མཆོག་གི་སྦེང་ལོར་ཁུལ་གྱི་ལས་རིམ་ཁག་མཇུག་སྒྲིལ་རྗེས་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།