༢༠༡༣ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཏི་ཛུ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉེ་ཆར་བོད་ཁམས་ཡུལ་ཤུལ་ཨ་རྡེལ་གྲོང་གསེབ་ནས་ཡིན་པ་ཕ་མིང་དོན་གྲུབ་དང་མ་མིང་ཆོས་མས་གཉིས་ཀྱི་བུ་བསྟན་འཛིན་ཤེས་རབ་ལགས་ཀྱིས་བོད་རྩ་དོན་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་སྟབས། རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་དང། ཁོང་རྣམ་པའི་ནང་མིས་གཙོས་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་དགོན་གསུམ་གྱི་བླ་སྤྲུལ་དང་དགེ་འདུན་པ་རྣམ་པ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང། གཞིས་གྲོང་སྤྱི་མི་ལྔ། གཞིས་ལས་དང་མཉམ་འབྲེལ་གཉིས་ཀྱི་ལས་བྱེད་རྣམ་པ། མི་མང་བཅས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་ ༦ བར་ཁུལ་དེའི་༸རྒྱལ་བའི་ཕོ་བྲང་མདུན་མཉམ་འཛོམས་ཀྱིས་གཞིས་གྲོོང་སྤྱི་མི་ལྔས་རྐང་འགན་འཁུར་ཞུས་ཏེ་མར་མེ་བརྒྱ་ཚར་ཕུལ་ཡོད་པ་དང། དེ་བཞིན་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་མཆོད་འབུལ་སྨོན་ལམ་གྱི་དཔེ་ཆ་མ་དཔེ་གནང་འབྱོར་ལྟར། གཞིས་ལས་ཁང་ནས་དཔེ་ཆ་གྲངས་ ༡༥༠ པར་སྐྲུན་ཞུས་ཏེ་དེ་ཉིན་མི་མང་རྣམས་ལ་འགྲེམས་སྤེལ་གྱིས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ་བཅས།།