༢༠༡༣ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ དང་རབ་གནས་ཆུ་སྦྲུལ་ལོའི་བོད་ཟླ་ ༥ ཚེས་ ༡༠ ཉིན་གནས་ཆུང་སྒྲ་དབྱངས་གླིང་དགོན་དུ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཞུང་འབྲེལ་དབྱར་གསོལ་སྤྱན་འདྲེན་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་དགོན་གྱི་འདུ་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམས་ལྷན་འཛོམས་ཐོག་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་སྤྱན་འདྲེན་གཟབ་རྒྱས་ཞུ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་མཛད་གཙོ་རྣམ་པས་མཇལ་ཕྱག་ཞུས་རྗེས་རིམ་བཞིན་སྲི་ཞུའི་ལས་བྱེད་དང་སེར་སྐྱ་མི་མང་བཅས་ལ་མཇལ་ཕྱག་གནང་ཡོད།