༢༠༡༣ ཟླ་ ༦ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། མཁན་རིན་པོ་ཆེས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་དང་བརྩེ་བའི་སློབ་ཕྲུག་རྣམ་པ་ཚང་མས་མཁྱེན་གསལ་རེད། ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བློ་ཕམ་པའི་གནས་ཚུལ་ཞིག་ལ་རང་ལོ་ ༣༡ ལ་སོན་པའི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ད་བར་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༡༩ བྱུང་ཡོད་ཁོངས་ནས་བུ་ ༡༠༠ དང་བུད་མེད་ ༡༩ བྱུང་ཡོད། དེའི་ནང་ནས་འདས་གྲོངས་སུ་ཕྱིན་པ་ ༡༠༢ བྱུང་འདུག ཕྱི་ལོ་ ༢༠༡༣ ནང་རང་ལུས་མེར་སྲེག་གཏོང་མཁན་ ༢༡ བྱུང་ཡོད། གོང་དུ་སྐྱབས་ཐོའི་ནང་འཁོད་པ་ལྟར། ཚང་མས་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱི་ནང་མི་སྤུན་ཉེ་གཙོས་གཞིས་ལུས་སྤུན་ཟླ་ཡོངས་ལ་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན། དེ་དང་འབྲེལ་བའི་གནད་དོན་གཅིག་གཉིས་ཞུས་ན་བསམ་བྱུང་། ཉིན་གཉིས་སྔོན་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝི་ནི་ཡ་བཅར་སྐབས་གྲོས་ཚོགས་འཐུས་མི་དང་དམིགས་བསལ་ལི་ཐུ་ཝི་ནི་ཡའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ། མཐོ་སློབ་ཁག་གསར་འགྱུར་བརྒྱུད་ལམ་བཅས་ནས་བོད་དོན་གླེང་སློང་ཡག་པོ་བྱུང་ཡོད། ཟླ་སྔོན་མ་ནོར་ཝེ་དང་སུའུ་ཊན་ལ་བཅར་སྐབས་བོད་མི་ཉུང་ཤས་ལས་མེད་ཀྱང་། ཁོང་ཚོས་གནས་ཡུལ་སོ་སོའི་རྒྱལ་ཁབ་ནང་གི་སྐད་ཡིག་ཐོག་ནས་བོད་དོན་སྐོར་གྱི་གནས་ཚུལ་མི་ཉུང་བ་ཞིག་སྤེལ་ཏེ་ཐོན་ཡོད།
དེར་བརྟེན་ལུང་པ་སོ་སོའི་སྐད་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་པར་དོ་སྣང་དང་ཁྱབ་བསྒྲགས་ཆེ་བ་ཡོང་གི་འདུག རྡ་ས་ནས་མཛད་གཙོ་གང་མང་ཕེབས་པ་ཡིན་ན། ལུང་པ་ཆུང་ཆུང་ཡིན་ཡང་གནད་འགག་ཆེན་པོ་ཡིན་པ་གསུངས་ཀྱི་འདུག དེའི་ནང་ནས་ལི་ཐུ་ཝི་ནི་ཡར་བཅར་དགོས་དོན་ནི། ཕྱི་ཟླ་བདུན་པའི་ནང་ཡུ་རོབ་སྤྱི་ཡོངས་ཀྱི་ཚོགས་གཙོའི་འགན་དེ་ཟླ་བ་དྲུག་རིང་ལི་ཐུ་ནི་ཡས་བཞེས་ཀྱི་ཡོད། ཡུ་རོབ་སྤྱི་ཡོངས་ནས་བོད་དོན་ཐོག་ཁྱད་པར་ཡོང་ཆེད་བཅར་བ་དང་། ཁོང་ཚོའི་གྲོས་ཚོགས་འཐུས་མིས་སྙན་ཞུ་ཞིག་གཏན་འཁེལ་ནས་དེའི་ནང་བོད་ནང་ཛ་དྲག་གནས་ཚུལ་དང་རང་ལུས་མེར་སྲེག་མང་དུ་འགྲོ་བཞིན་པར་སོང་། ལི་ཐུ་ཝི་ནི་ཡ་མི་མང་ནས་སེམས་འཚབ་ཀྱི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་འབོད་སྐུལ་ཞུ་རྒྱུའི་ཡིག་ཆ་གསལ་པོ་བཀོད་དེ། མི་མང་གི་མཚན་རྟགས་བཞེས་ཏེ་ལི་ཐུ་ཝི་ནི་ཡའི་གཞུང་ལ་འབུལ་རྒྱུའི་ལས་གཞི་ཞིག་སྤེལ་གནང་འདུག ཕྱི་ཟླ་དགུ་པའི་ནང་༸གོང་ས་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱང་གི་ཡོད་པས། སྔར་ལྷག་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡོང་བའི་རེ་བ་ཆེན་པོ་ཡོད། ཅེས་ཞུ་རྒྱུ་ཡིན།
ཡུ་རོབ་སྤྱི་ཡོངས་ཐོག་དཔལ་འབྱོར་གནས་སྟངས་ཤུགས་ཆེན་པོ་བྱུང་སྐབས། རྒྱ་ནག་གཞུང་གི་གནོན་ཤུགས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་ཡུ་རོབ་ནང་མཁས་པའི་གླེང་སློང་ཞིག་ཏུ་རྒྱ་ནག་གི་གནོན་ཤུགས་འོག་ཡུ་རོབ་རྒྱལ་ཁབ་ནང་བོད་དོན་གླེང་སློང་གང་ཤུགས་ཆེ་བ་བྱེད་དགོས་ཀྱི་འདུག་ཅེས་ཨེ་ཊི་ལུཁེ་ཞུ་བ་ཞིག་གིས་རྩོམ་བྲིས་འདུག དེའི་ནང་ཡུ་རོབ་ཀྱིས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་ལ་རྒྱབ་སྐྱོར་ཡོད་གསུང་རྒྱུའི་ཚོད་ལྟ་དེ་བོད་ཀྱི་གནད་དོན་ཐོག་བྱེད་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་ཡུ་རོབ་ཐོག་བོད་དོན་གླེང་སློང་མི་བྱེད་ཅེས་གནོན་ཤུགས་སྤྲོད་ཤོད་ཀྱི་ཡོད། ཡུ་རོབ་ཀྱི་ང་ཚོ་འགྲོ་བ་མིར་ཡིད་ཆེས་ཡོད་མེད་ཀྱི་ཚོད་ལྟ། བོད་ཐོག་བྱེད་རྒྱུ་དང་ཡུ་རོབ་སྤྱི་ཡོངས་ནས་མཐུན་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་ཀྱི་བོད་དོན་ཐོག་གླེང་སློང་བྱེད་དགོས་འདུག་ཅེས་རྩོམ་འབྲི་མཁན་སྙན་གྲགས་ཆེན་པོ་དང་འབྲི་རྒྱུ་དེའང་གསར་ཤོག་ཆེན་པོའི་ནང་བྲིས་འདུག་ཅེས་ཞུ་རྒྱུ་དང་། དེ་བཞིན་ལྷ་སའི་བར་སྐོར་གཡས་གཡོན་གྱི་ལོ་རྒྱུས་ལྡན་པའི་ཁང་པ་རྙིང་པ་མང་པོ་ཞིག་གཏོར་གྱི་ཡོད་སྟབས། བར་སྐོར་གྱི་སྲོལ་རྒྱུན་རྣམས་རང་འཇགས་གནས་དགོས་ཀྱི་འདུག་ཅེས་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ཀྱིས་ལས་གཞི་ཞིག་སྤེལ་གནང་འདུག དེར་རྒྱབ་སྐྱོར་གྱི་མཚན་རྟགས་གནང་མཁན་བརྒྱད་ཁྲི་ལྔ་སྟོང་ཙམ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱི་འབྲེལ་བ་ཡོད་པའི་ལས་ཁུངས་ལ་སྙན་ཞུ་ཕུལ་ཐུབ་པ་དང་། དེའི་ཚོགས་འདུ་འདི་ཟླའི་ནང་ཚོགས་ཀྱི་ཡོད་འདུག
དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་དེའི་ནང་བོད་དོན་ཐོག་གླེང་སློང་ཡོང་བ་དང་། དེར་རྒྱལ་ཁབ་འགའ་ཤས་ཤིག་ནས་རྒྱ་ནག་གཞུང་གི་གནང་སྟངས་འགྲིག་གི་མི་འདུག བོད་ལ་མཁྲེགས་འཛིན་སྲིད་བྱུས་མཚམས་འཇོག་བྱེད་དགོས། གང་ལ་ཞེ་ན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་གི་འདུག་ཅེས་དང་། ཡང་རྒྱལ་ཁབ་འགའ་ཤས་ཤིག་ནས་རྒྱབ་སྐྱོར་གྱི་རྣམ་པ་ཡོང་གི་འདུག རྒྱ་ནག་གཞུང་གིས་ང་ཚོའི་བདེན་པ་ནག་སུབ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང། རྒྱལ་ཁབ་སྤྱི་ཡོངས་ནང་གནད་ཡོད་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ཁག་གང་ཅིིའི་ཐོག་ནས་བོད་པའི་གནད་དོན་དེ་གླེང་སློང་གིས་རྒྱབ་སྐྱོར་གནང་བཞིན་ཡོད། གོང་ཞུས་ལྟར། བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་གཙོས་ནང་མི་སྤུན་མཆེད་རྣམ་པ་དང་། དེ་བཞིན་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་དམིགས་བསལ་རང་ལུས་མེར་སྲེག་གནང་མཁན་ཡོངས་དང་རྒྱའི་བཙོན་ཁང་ནང་ཡོད་པའི་བོད་རིགས་སྤུན་ཟླ་སྤྱི་ཡོངས་ལ་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད།།