༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་དང་མི་མང་། སློབ་ཕྲུག་རྣམ་པ། ཚང་མས་མཁྱེན་གསལ་བཞིན་བློ་ཕམ་པའི་གནས་ཚུལ་ལ་རང་ལུས་མེར་སྲེག་གནང་མཁན་ ༡༡༨ པ་བསྟན་འཛིན་ཤེས་རབ་ལགས། རང་ལོ་ ༣༡ ཡིན་པ་ཁོང་འདས་གྲོངས་སུ་ཕྱིན་འདུག ད་བར་དུ་རང་ལུས་མེར་སྲེག་བཏང་མཁན་གྲངས་ ༡༡༨ བྱུང་བའི་ནང་ནས་བུ་ ༡༠༠ བུད་མེད་ ༡༨ དང་དེའི་ནང་ནས་འདས་གྲོངས་སུ་ཕྱིན་པ་ ༡༠༡ དང་ཕྱི་ལོ་ ༢༠༡༣ ནང་རང་ལུས་མེར་སྲེག་གཏོང་མཁན་ ༢༠ བྱུང་འདུག
བོད་ནང་ཛ་དྲག་གནས་སྟངས་ཀྱི་རང་ལུས་མེར་སྲེག་བཏང་དགོས་དོན་དེ་བོད་བཙན་བཟུང་བྱས་པ་དང་བོད་མི་ཚོར་གདུག་རྩུབ་མནར་གཅོད་བཏང་བའི་རྐྱེན་གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ལུས་མེར་སྲེག་གི་མཚོན་ཚབས་ཆེ་བའི་ལས་འགུལ་རིགས་མ་བཏང་རོགས་བྱེད་ཞེས་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་འདས་གྲོངས་སུ་ཕྱིན་པ་རྣམས་ལ་མཆོད་འབུལ་སྨོན་ལམ་བྱེད་རྒྱུ་དང་། ཁོང་རྣམས་པའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་རང་དབང་བསྐྱར་གསོ་བྱེད་རྒྱུ་དེ་སྒྲུབ་ཆེད་ད་ལྟ་བར་དུ་འབད་བརྩོན་བྱས་དང་བྱེད་མུས་ཡིན་ཞུ་རྒྱུ་དང་། ཉེ་ཆར་རྒྱལ་སྤྱིའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ནས་སྙན་ཐོ་ཐོན་པའི་ནང་དུ་བོད་བཙན་བཟུང་དང་བོད་མིར་གདུག་རྩུབ་བཏང་བའི་རྐྱེན་གྱི་རང་ལུས་མེས་སྲེག་བཏང་བའི་བདེན་པ་དེ་ཁ་གསལ་པོ་ཡོང་གི་རེད་ཞུ་རྒྱུ་དང་། དེ་དང་མཉམ་དུ་བཀའ་ཤག་གི་ངོས་ནས་སྙན་སེང་ཞུས་རྒྱུར་བཀའ་ཤག་སྐབས་བཅུ་བཞི་པས་དམ་བཅའ་ཕུལ་ཏེ་ལོ་གཉིས་མེད་ཙམ་འགྲོ་གི་ཡོད།
དེའི་བར་དུ་འཆར་གཞི་དང་ལས་དོན་བྱེད་ཕྱོགས་ཐོག་ནས་སྙིང་བསྡུས་ཞིག་ཞུས་ན་བསམ་སོང་། ཞེས་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཁག་དང་བོད་མིའི་དམིགས་བསལ་ཚོགས་ཆེན་འདུ་སྐོང་། རྒྱལ་སྤྱིའི་སྡིངས་ཆ་དང་བོད་མི་འདུ་སྡོད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་བཅར་གྱི་སྔར་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་མིར་རྒྱབ་སྐྱོར་གྱི་ནུས་ཤུགས་གཅིག་སྒྲིལ་གྱི་ནུས་པ་ཐོན་ཡོད་པ། དེ་བཞིན་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་སྐྱེ་དང་ཨ་རིའི་ཉིའུ་ཡོཀ ཡུ་རོབ་རྒྱས་ས་སྦར་སིལ་བཅས་ཀྱི་ལས་འགུལ་དང་གྲོས་ཚོགས་ཁག་ཏུ་ཞུ་སྙན་ཕུལ་བའི་ལས་འགུལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་འབྲེལ་མོལ་ཐོག་ནས་བོད་ནང་གི་བོད་མའི་མངོན་འདོད་སྒྲུབ་རྒྱུར་འབད་བརྩོན་མུ་མཐུད་གནང་གི་ཡོད་སྐོར། སོགས་ཀྱི་ལས་དོན་གནང་ཕྱོགས་སྙིང་བསྡུས་ངོ་སྤྲོད་གནང་རྗེས་ཡོད། མཐའ་དོན་ད་ལྟ་བར་དུ་མཆོད་འབུལ་སྨོན་ལམ་སྐབས་ལ་ཚང་མས་ཐུགས་སྨོན་གནང་གི་ཡོད། དེ་རིང་ཡང་རང་ལུས་མེར་སྲེག་གནང་མཁན་བསྟན་འཛིན་ཤེས་རབ་ལགས་ཀྱི་གཙོས་ཁོང་ཉིད་ཀྱི་ནང་མི་སྤུན་ཉེ་དང་བོད་མིས་རྒྱའི་བཙོན་ཁང་ནང་དུ་སྡུག་སྦྱོང་མྱོང་བཞིན་པ་རྣམས་ཀྱི་ཆེད་ཐུགས་སྨོན་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད།།