༢༠༡༣ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེན་ཌིའི་ཁི་རི་སི་ཆར་ཆི་(Christchurch)ཞེས་པའི་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་བསྟུན། བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ཕྱི་ཚེས་ ༩ སྔ་དྲོར་༸གོང་ས་མཆོག་གིས་བསམ་བློའི་གོ་རྟོགས་སྤེལ་མཁན་གྱི་དུས་དེབ་ MindFood magazine ཞེས་པའི་གསར་འགོད་པ་ལྕམ་མཱ་རི་མེཀ་ཀུ་ལུ་སི་ཀི་ Maari McCluskey ལགས་ཀྱིས་ཆེད་དོན་དྲིར་བཀའ་ལན་མཛད།
དེ་ཡང་སྐབས་དེར་ཆོས་ཀྱི་བསམ་བློས་མིའི་འགྲན་སེམས་ཀྱི་བསམ་བློ་ཤུགས་ཆེ་ཡོད་པ་དེ་འགོག་ཐབས་ལ་གྲོགས་བྱེད་མིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་ནང་སེམས་ལ་ཞི་བདེ་སྐྲུན་མི་ཐུབ། དེར་བརྟེན་ནང་གི་བསམ་བློར་དོ་སྣང་བྱེད་མཁན་ཇེ་མང་དུའགྲོ་བཞིན་ཡོད་པ་མ་ཟད། དེ་དང་འབྲེལ་ནས་ཆོས་ལ་དོ་སྣང་བྱེད་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ལྟར་ནའང་མི་ལ་ལར་ཆོས་ཀྱི་དགོས་མཁོ་དེ་ཙམ་མཐོང་གི་མེད། ང་ཚོའི་བློ་ལ་རྣམ་རྟོག་གི་ཆ་མང་པོ་ཡོད། རྣམ་རྟོག་གི་བྱེད་ལས་དེ་དག་ང་ཚོས་ཇི་ཙམ་གསལ་རྟོགས་ཐུབ་པ་ཡིན་ན་དེའི་ཚོད་ཀྱིས་རྣམ་རྟོག་དེ་དག་སེམས་ནང་འཆར་སྐབས་མགོ་གནོན་བྱེད་རྒྱུ་ལས་སླ་བ་ཡོད། ང་ཚོས་ལུས་ལ་འཕྲོད་བསྟེན་དགོས་རྒྱུ་གལ་ཆེ་ཡིན་པ་ཡོངས་གྲགས་ཐོག་ངོས་འཛིན་བྱེད་བཞིན་ཡོད། ད་ཆ་ང་ཚོས་དེའི་སྟེང་ནང་གི་བསམ་བློར་འཕྲོད་བསྟེན་གལ་ཆེ་ཡིན་པ་ངོས་འཛིན་བྱེད་དགོས། ཆུང་བྱིས་པའི་དུས་སུ་ང་ཚོའི་བསམ་བློའི་ནང་གཞན་ལ་ཡིད་ཆེས་དང་བྱམས་བརྩེའི་བསམ་བློའི་བག་ཆགས་ཧ་ཅང་གསལ་པོ་ཡོད། འོན་ཀྱང་རིམ་བཞིན་འགྲན་རྩོད་ཀྱི་ཁོར་ཡུག་ནང་འཚར་ལོངས་བྱུང་རྐྱེན་ང་ཚོས་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་ཡོད། སྤྱིར་ང་ཚོ་སྐྱེས་མ་ཐག་པ་ནས་མའི་བྱམས་སྐྱོང་འོག་འཚོ་བར་བརྟེན། མི་གཞན་ལ་བྱམས་བརྩེ་ལག་བསྟར་བྱ་རྒྱུའི་བག་ཆགས་གཏིང་ཟབ་ཡོད། མིའི་བསམ་བློའི་རྣམ་རྟོག་གི་ཆ་ནས་བཤད་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པའི་སྐབས་དང་ད་ལྟའི་མི་གཉིས་དབར་དེ་ཙམ་ཁྱད་པར་མེད། འོན་ཀྱང་དེང་སྐབས་ནང་ཤེས་པའི་རྣམ་གཞག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་ཡར་རྒྱས་ཀྱི་རྣམ་པ་རེད། ཅེས་བཀའ་ལན་མཛད།
དེ་རྗེས་༸གོང་ས་མཆོག་ཀེན་ཊར་བྷུ་རིའི་ཚོགས་ཁང་དུ་ CBS Canterbury Arena ཆིབས་སྒྱུར་བསྐྱངས་སྐབས་ནིའུ་ཛི་ལེན་ཌིའི་གདོད་མའི་མི་རིགས་མོ་རི་ Maori ཞེས་པའི་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུས་པ་མ་ཟད། ཚོགས་ཁང་ནང་མི་གྲངས་ ༢༣༠༠ བརྒལ་བ་ཚང་མས་དགའ་བསུའི་ཐལ་མོ་བརྡབ་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་ནས་ཤིས་བརྗོད་གསུང་འདོན་གནང། དེ་ནས་མགོན་པོ་གང་ཉིད་མཆོག་གིས་སྔོན་འགྲོའི་ཆོས་བཤད་ཐོག་བཀའ་སློབ་སྩལ་དོན།
ཆོས་གྲོགས་ཕོ་མོ་ཚང་མར་འཚམས་འདྲི་ཡོད། ང་ཚོ་ཚང་མ་ལུས་སེམས་དང། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་རིགས་ཡིན་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ཐོག་མར་ཆོས་གྲོགས་ཕོ་མོ་ཚོ་ཞེས་འགོ་འཛུགས་བྱེད་བཞིན་ཡོད། སྤྱིར་ནང་ཆོས་ནི་ཤར་ཕྱོགས་ནས་དར་བའི་ཆོས་ཤིག་ཡིན། ས་ཆའི་ཆགས་བབ་ཀྱི་ཐོག་ནས་བརྗོད་ན་ནིའུ་ཛི་ལེན་ཌི་འདི་ཡང་ཤར་ཕྱོགས་པ་ཡིན། འོན་ཀྱང་རིག་གཞུང་དེ་དག་ནུབ་ཕྱོགས་ནས་དཔེ་བླངས་ཡོད། གདོད་མའི་སྤྱི་ཚོགས་སྐབས་ཕྱིར་འབྲེལ་བ་བྱ་རྒྱུའི་མཐུན་རྐྱེན་ཡར་རྒྱས་ཕྱིན་མེད་པར་བརྟེན། སྤྱི་ཚོགས་གཅིག་གི་སྤྱི་ཚོགས་གཞན་དང་འབྲེལ་བ་བྱ་རྒྱུ་ཧ་ཅང་དཀོན་པོ་ཡིན། འོན་ཀྱང་དེང་སྐབས་གནས་སྟངས་ཡོངས་རྫོགས་ཡར་རྒྱས་ཕྱིན་ཡོད། དེང་སྐབས་འཛམ་གླིང་ནང་ཆོས་ལུགས་དང་རིག་གཞུང་འདྲ་མིན་མཉམ་གནས་བྱེད་པའི་སྤྱི་ཚོགས་ཤིག་ཆགས་ཡོད། སྤྱིར་བཏང་རིག་གཞུང་གི་ཐོག་ནས་བརྗོད་ན་ནང་ཆོས་དེ་ནུབ་ཕྱོགས་པའི་ཆོས་ལུགས་ཤིག་མིན། འོན་ཀྱང་དེང་སྐབས་ནུབ་ཕྱོགས་སུ་ནང་ཆོས་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་མཛད།།