༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ ཉིན་གྱི་ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་ (Parliamentary Group for Tibet) ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རྒྱ་ནག་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་བོད་ནང་གི་སྲིད་བྱུས་དེར་འགྱུར་བ་མི་ཡོང། རྒྱ་ནག་གི་སྲིད་བློན་ཟུར་པ་སྐུ་ཞབས་ཝུན་ཅ་པོས་ (Wen Jiabao) རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་གནས་སྟངས་ལ་བཅོས་སྒྱུར་གཏོང་དགོས་སྐོར་གསུངས་ཡོད། ཕྱོགས་མཚུངས་མང་གཙོའི་ལས་འགུལ་བ་སྐུ་ཞབས་ལིའུ་ཞའོ་པོས་ (Liu Xiaobo) སྤྱི་ཚོགས་གུ་ཡངས་དགོས་སྐོར་སེམས་ཚབ་ཤུགས་ཆེ་བཏོན་པ་ལྟར། རང་དབང་ལྡན་པའི་འཛམ་གླིང་མི་མང་ཚོས་ཁོང་ལྟ་བུར་རྒྱབ་སྐྱོར་བྱ་རྒྱུའི་ལས་འགན་ཡོད།
ཡུན་རིང་ལོ་རྒྱུས་ལྡན་པའི་རྒྱ་ནག་རྒྱལ་ཁབ་ལྟ་བུ་གྲོགས་མེད་ཁྱེར་རྐྱང་དུ་འཇོག་རྒྱུའི་ཚབ་ཏུ་རྒྱལ་སྤྱིའི་ཁོར་ཡུག་ནང་འཇུག་ཐབས་བྱེད་དགོས་པ་དང་དུས་མཚུངས། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག ཁོར་ཡུག གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁྱེད་ཚོས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བསྟུན། སི་ཌི་ནིའི་ཚོགས་ཁང་ནང་མང་ཚོགས་ ༡༡༠༠༠ བརྒལ་བར་བཀའ་ཆོས་མུ་མཐུད་བསྐྱངས།
ཆོས་འབྲེལ་སྩལ་གྲུབ་རྗེས་༸གོང་ས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཏུམ་བྷ་ལོང་སྐྱེད་མོས་ཚལ་ Tumbalong Park དུ་བོད་དོན་འདུ་འཛོམས་ Gathering for Tibet ཞེས་པ་དེར་ཆིབས་སྒྱུ༜ར་བསྐྱངས། འདུ་འཛོམས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཁོར་ཡུག་གལ་གནད་ཆེན་པོ་ཡིན་སྐོར་དང་ལྷག་པར་ཨེ་ཤི་ཡའི་ཆུའི་ཐོན་ཁུངས་གཙོ་བོ་དེ་བོད་ཆགས་ཡོད་པར་བརྟེན། འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༧༤ ཙམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་སྡོད་བྱས་པ་ཡིན་ན་བོད་མི་ཚོ་ལའང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཁེ་ཕན་ཆེ་བ་ཐོབ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་ལའང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་མེད་པར་རྒྱ་བོད་མི་རིགས་གཉིས་ལ་གཉིས་སྨན་གྱི་ཐབས་ལམ་ཞིག་ལག་བསྟར་བྱས་ཡོད་སྐོར་དང། འོན་ཀྱང་དེ་ལྟར་ཡོང་བར་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གསལ་བའི་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་དང་ལྡན་ཞིག་སྤྲོད་དགོས་སྐོར་སོགས་བཀའ་སློབ་སྩལ་དོན། ང་ཚོ་བོད་པར་མཚོན་ན་སོ་སོའི་སྐད་ཡིག་དང་ཐུན་མིན་རིག་གཞུང་ཞིག་ཡོད་པ་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་འདོད་པ་ཡོད། ང་ཚོ་དང་རྒྱ་མི་རིགས་དབར་གྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་དམ་བསྒྲགས་ཧ་ཅང་བྱས་རྐྱེན་བོད་པའི་དངོས་ཡོད་གནས་ཚུལ་ཤེས་མཁན་རྒྱ་རིགས་ཧ་ཅང་དཀོན་པོ་ཡིན། ཉེ་ལམ་ནས་ངོས་ཀྱི་བོད་མི་ཚོར་རྒྱ་མི་རིགས་དང་འབྲེལ་བ་ཡར་རྒྱས་གཏོང་དགོས་སྐོར་བརྗོད་རྒྱུ་བྱུང། གལ་ཏེ་རྒྱ་ནག་མི་དམངས་ཚོས་ཉིན་གཅིག་བོད་མིའི་དབུ་མའི་ལམ་གྱི་ཐབས་ལམ་སྐོར་ཤེས་རྟོགས་ཐུབ་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་རྒྱ་རིགས་ཕལ་མོ་ཆེས་དེར་རྒྱབ་སྐྱོ་བྱེད་རྒྱུ་ཡིན་སྐོར་ངོས་ལ་བརྗོད་མཁན་བྱུང། བོད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞི་བཞག་ནས་ཐབས་ལམ་ལག་བསྟར་བྱ་རྒྱུ་དེ་ཡིན། ངོས་ཀྱིས་ཁྱེད་རང་ཚོས་བོད་དོན་ཆེད་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་གོ་སྐབས་ནམ་བྱུང་སྐབས་རྒྱ་རིགས་ཚོར་བོད་མིའི་དངོས་ཡོད་གནས་ཚུལ་འགྲེ་བཤད་གང་ཐུབ་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ། འདུ་འཛོམས་སྐབས་དེར་རྒྱ་རིགས་མཁས་དབང་སྐུ་ཞབས་ཕེང་ཅོང་ཡི་ Dr Feng Chongyi ཡང་ཕེབས་ཡོད་པ་བཅས།།