༢༠༡༣ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༡༣ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་གཙུག་ལག་སློབ་གྲྭར་ University of Sydney ༸ཞབས་སོར་བདེ་བར་འཁོད་སྐབས། འབྲེལ་ཡོད་མི་སྣ་ཁག་གཅིག་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སི་ཌི་ནིའི་ཙུག་ལག་སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༨༨ འཛོམས་སར་གཙུག་ལག་སློབ་དཔོན་སྐུ་ཞབས་ཇོན་ཀི་ནེ་ Prof John Keane མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ལྟ་གྲུབ་ལ་རྒྱབ་སྐྱོར་མཛད་མཁན་ཞིག་ཡིན་པ་མ་ཟད། གཞན་ལའང་ལམ་སྟོན་མཛད་མཁན་གྱི་ཡང་དག་པའི་དབུ་ཁྲིད་ཞིག་ཡིན། ཞེས་ངོ་སྤྲོད་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་དེ་རིང་འདིར་བློ་རིག་བཀྲ་བའི་གཞོན་སྐྱེས་ཕོ་མོ་ཚོ་དང་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ངོས་དང་ལོ་ཚད་མཉམ་པའི་མི་རྣམས་དུས་རབས་ཉི་ཤུ་པའི་ཁོངས་སུ་གཏོགས་པའི་མི་རབས་ཤིག་ཆགས་ཡོད། དུས་རབས་ཉི་ཤུ་པ་ནི་ད་ཆ་ཡོལ་ཟིན་པར་བརྟེན་སུས་ཀྱང་ཕྱིར་འཐེན་བྱ་ཐབས་བྲལ། ཁྱེད་རང་ཚོ་འདིར་འཛོམས་ཡོད་པ་མང་ཆེ་བ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཡིན། དུས་རབས་འདིའི་ལོ་བརྒྱད་བཅུ་ལྷག་ད་དུང་ལྷག་ཡོད། དེར་བརྟེན་དུས་རབས་འདི་བཞིན་འདས་མ་ཐག་པའི་དུས་རབས་ལས་ཀྱང་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་ལས་འགན་དང་གོ་སྐབས་གཉིས་ཀ་ཁྱེད་ཚོར་ཡོད། སྤྱིར་དུས་རབས་ཉི་ཤུ་པའི་ནང་ཚན་རིག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། འོན་ཀྱང་དུས་རབས་དེ་དམག་ཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཀྱང་ཆགས་ཡོད།
དེར་བརྟེན་དྲག་པོའི་ཐབས་ལམ་ཐོག་ནས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་སྐྲུན་མི་ཐུབ་པ་ནི་འདས་པའི་དུས་རབས་ལས་ང་ཚོས་བློ་སྐྱེས་ལེན་དགོས། གནའ་སྔ་མོའི་དུས་སྐབས་སུ་སོ་སོའི་ཉེ་འཁྲིས་སུ་ཡོད་པའི་དགྲ་བོ་དེ་ཕམ་ཉེས་བཏང་བ་དེ་རང་ཉིད་ལ་རྒྱལ་ཁ་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང། ད་ཆ་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་ཆགས་ཡོད། ངོས་ནི་དུས་རབས་ཉི་ཤུའི་མི་རབས་ཤིག་ཆགས་ཡོད། འཛམ་གླིང་མི་འབོར་འཐེར་འབུམ་བདུན་ཡོད་པ་དེ་དག་དཔལ་འབྱོར་དང་ཁོར་ཡུག་སོགས་གནས་སྟངས་གང་གི་ཆ་ནས་ང་ཚོ་ཚང་མ་གོ་ལ་གཅིག་འགྱུར་གྱི་གནས་སྟངས་འོག་འཚོ་གནས་དགོས་པར་བརྟེན་འགྲོ་བ་མིའི་ཁྱིམ་ཚང་གཅིག་ལྟ་བུ་ཆགས་ཡོད། རང་གི་དོན་དེ་གཞན་ལ་བརྟེན་པ་དང་གཞན་གྱི་དོན་དེ་རང་ལ་བརྟེན་ཡོད། དེར་བརྟེན་དྲག་པོའི་ཐབས་ལམ་དེ་ནི་རང་ཉིད་ཕུངས་རྒྱུ་ཁོ་ན་ཡིན། ཞེས་སོགས་བཀའ་སྩལ་རྗེས་ཤེས་ཡོན་ཐོག་བཀའ་སློབ་སྩལ་དོན།
ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད་པ་མ་ཟད། བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། འོན་ཀྱང་ང་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་ཞིག་གི་ཐོག་ནས་བདེ་སྐྱིད་བསྒྲུབ་ཐབས་བྱེད་དགོས། གནས་སྟངས་ཇི་འདྲ་ཞིག་ཡིན་རུང་སྣང་ཚུལ་གནས་ཚུལ་དབར་གར་ཁྱད་ཅིག་ཡོང་བཞིན་ཡོད། བར་ཁྱད་དེ་ཇེ་ཉུང་དུ་གཏོང་རྒྱུ་ནི་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་ཆགས་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཕལ་མོ་ཆེ་མིས་བཟོས་པ་ཡིན། ང་ཚོས་ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་བློ་མ་བཏང་བར་ངོ་གདོང་གི་སྣང་ཚུལ་ཙམ་ལ་བདེན་པར་ཞེན་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད། སེམས་ཉོན་མོངས་པའི་གཞན་དབང་དུ་སོང་ན་བདེན་རྫུན་གྱི་རྣམ་དབྱེ་འབྱེད་རྒྱུའི་ནུས་པ་དེ་ཉམས་ཏེ་དངོས་ཡོད་གནམས་ཚུལ་རྟོགས་མི་ཐུབ། དེར་བརྟེན་ཤེས་ཡོན་གྱི་དགོས་མཁོ་གཙོ་བོ་ནི་ངོ་གདོང་གི་སྣང་ཚུལ་ཙམ་མ་ཟད། དངོས་ཡོད་གནས་ཚུལ་ཡང་རྟོགས་ཐུབ་པ་བྱ་རྒྱུ་དེ་ཡིན། ང་ཚོས་གཞི་རྩའི་ཤེས་ཡོན་ལམ་ལུགས་ཡོད་པ་དེའི་ཐོག་སེམས་བཟང་པོ་བྱ་རྒྱུ་དང་གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱ་རྒྱུ། དེ་བཞིན་གཞན་ལ་བྱམས་བརྩེའི་བསམ་པ་ཉམས་ལེན་བྱ་རྒྱུ་སོགས་གོང་འཕེལ་གཏོང་ཐབས་བྱེད་དགོས། དེ་ལྟར་མ་བྱུང་ན། མིའི་རྣམ་སྤྱོད་ཀྱི་ཤེས་རབ་ཕུལ་བྱུང་ཞིག་ཡོད་པ་དེ་ཉོང་མོངས་པའི་གཞན་དབང་དུ་སོང་བ་ཡིན་ན་རྙོག་གྲ་ཆེན་པོ་བཟོ་ངེས་རེད། དཀའ་ངལ་བཟོ་མཁན་གཙོ་བོ་དེ་མིའི་བསམ་བློ་ཡིན། ང་ཚོས་མིའི་བསམ་བློའི་འགྲོ་སྟངས་དང་བྱེད་ལས་སོགས་ལ་སློབ་སྦྱོང་བྱས་ནས་བསམ་བློའི་འཕྲོད་བསྟེན་གལ་ཆེ་ཡིན་པའི་ཚོར་སྣང་སྐྱེ་དགོས། འོན་ཀྱང་སེམས་ཀྱི་རྣམ་གཞག་དེ་རྙོག་གྲ་ཚ་པོ་ཡོད། གཟུགས་ཅན་རགས་པའི་གནས་སྟངས་ལ་དཔྱད་པ་ལྟ་བུ་ཞིག་མིན། བསམ་བློའི་རྣམ་གཞག་ཐོག་སློབ་སྦྱོང་སྤྲོད་སྐབས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་རྟེན་པར་ཆོས་ལུགས་རིས་མེད་ཀྱི་ཐབས་ལམ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་རྗེས་གསར་འགོད་པ་ཁག་གཅིག་དང་བརྙན་འཕྲིན་ཚན་པ་གཉིས་ཀྱི་ཆེད་དོན་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་བཅས།།