༢༠༡༣ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ Australia གྲོང་ཁྱེར་ཌར་ཝིན་ Darwin ནང་བདེན་བཞིའི་ཆོས་སྐོར་བཀའ་ཆོས་སྩལ་བ་མ་ཟད། མང་ཚོགས་ལ་བཟང་སྤྱོད་ཐོག་བཀའ་སློབ་ཀྱང་སྩལ་ཡོད། དེ་ཉིན་ཐོག་མར་༸གོང་ས་མཆོག་གིས་ཨ་ཡི་ཊི་ཝི་ ITV Television ཞེས་བརྙན་འཕྲིན་བརྒྱུད་ལམ་གྱི་གསར་འགོད་པ་ལྕམ་ཀར་ལ་གྷ་རནྜ་Karla Grant ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་མཛད། དེ་རྗེས་ཌར་ཝིན་ཚོགས་ཁང་ཆེན་མོའི་ (Darwin Convention Centre) ནང་མང་ཚོགས་ ༣༠༠༠ བརྒལ་བར་བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་མཛད། དེ་ཡང་༸གོང་ས་མཆོག་གིས་ཨ་ཡི་ཊི་ཝི་ ITV Television ཞེས་བརྙན་འཕྲིན་བརྒྱུད་ལམ་གྱི་གསར་འགོད་པས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཐོག་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུ་སྐབས། ༸གོང་ས་མཆོག་གིས་གདོད་མའི་མི་རིགས་ཚོས་སྙིང་སྟོབས་མ་ཞུམ་པར་དེང་དུས་ཤེས་ཡོན་ཐོག་འབད་བརྩོན་ལྷོད་མེད་ཀྱིས་སོ་སོའི་ཕ་མེས་ནས་ཡོད་པའི་རིག་གཞུང་དང་སྐད་ཡིག གོམས་གཤིས་དེ་དག་མི་ཉམས་རྒྱུན་འཛིན་ཐོག་དེང་རབས་ཀྱི་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང། ལྷག་པར་གདོད་མའི་མི་རིགས་ཚོས་རང་གི་མིང་དེ་དག་སྲོལ་རྒྱུན་དེ་རང་ཉར་ཐུབ་ན་དགེ་མཚན་ཆེ་སྐོར་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་གིས་སླར་ཡང་ཌར་ཝིན་ཚོགས་ཁང་ཆེན་མོའི་ནང་ (Darwin Convention Centre) མང་ཚོགས་ ༣༠༠༠ བརྒལ་བར་ང་ཚོ་ཐུན་མོང་གིས་ལོངས་སྤྱོད་ཡུལ་གོ་ལའི་སྟེང་བཟང་སྤྱོད་ཉམས་ལེན་བྱེད་ཕྱོགས་སྐོར་ (Ethics in Our Shared World) བཀའ་སློབ་སྩལ་དོན། ངོས་རང་དུས་རབས་ཉི་ཤུར་གཏོགས་ཡོད། དུས་རབས་དེ་ནི་ད་ཆ་ཡོལ་ཟིན་པར་བརྟེན། སྐྱར་ལོག་རྒྱག་ཐབས་མེད། འབྱུང་འགྱུར་འཛམ་གླིང་ནང་ཞི་བདེ་གཏན་ལྷིང་ཡོང་མིན་ནི་དུས་རབས་ཉུ་ཤུ་རྩ་གཅིག་ནང་གི་གཞོན་སྐྱེས་ཚོར་རེ་བ་རྒྱག་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ།
དེ་རྗེས་ཐེངས་འདིར་༸གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་སྐུ་ཞབས་རོ་བྷ་ཊི་ཀེལ་ཌོ་ལི་སི་ Robert Keldoulisལགས་ཀྱིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་ཞུས། ད་ཐེངས་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་ས་གནས་ཁག་མི་འདྲ་བ་མང་པོའི་ནང་མཛད་འཕྲིན་གྲངས་ ༢༠ བསྐྱངས་རིང་མི་གྲངས་ ༥༠༠༠༠ བརྒལ་བས་དངོས་ཤུགས་བརྒྱུད་གསུམ་ནས་༸ཞལ་མཇལ་གསུང་ཐོས་བྱུང་བ་མ་ཟད། དེ་ཁྲོད་མི་གྲངས་ ༢༥༠༠༠ གྱིས་༸གོང་ས་མཆོག་གིས་བྱམས་བརྩེ་སོགས་ནང་གི་བཟང་པོའི་རིན་ཐང་དང་འབྲེལ་བའི་སྐོར་སྩལ་བའི་བཀའ་སློབ་དངོས་སུ་ཉན་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ Sydney དང་མེལ་བྷོན། Melbourne ཌར་ཝིན་ Darwin བཅས་ནས་མི་གྲངས་ ༡༠༠༠༠ ལྷག་གིས་༸གོང་ས་མཆོག་གི་སྐུ་དྲུང་ནས་ནང་ཆོས་ཀྱི་ཆོས་འབྲེལ་ཐོབ་ཡོད། ཕྱོགས་མཚུངས་༸གོང་ས་མཆོག་གིས་ཆིབས་སྒྱུར་སྐབས་བོད་རིགས་དང་སོག་རིགས། དེ་བཞིན་རྒྱ་རིགས་བཅས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ་མ་ཟད། དྲ་རྒྱ་བརྒྱུད་ནས་ཐད་ཀར་༸གོང་ས་མཆོག་གི་མཛད་འཕྲིན་གསན་གཟིགས་གནང་མཁན་གྱི་གྲངས་འབོར་ ༡༠༠༠༠༠ བརྒལ་ཡོད་སྐོར་གསལ་བཤད་གྲུབ་མཚམས། ༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་སྨོན་འདུན་ཡང་ཞུས་ཡོད། མཛད་སྒོ་དེ་བཞིན་ལེགས་པར་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཐེངས་ནིའུ་ཛི་ལེན་ཌི་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་སིངྒ་པུར་བརྒྱུད་རྒྱ་གར་དུ་ཆིབས་༉ཞལ་བསྒྱུར་ཡོད་པ་བཅས།།