༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་ཐོག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཐོ་སློབ་ཁག་གི་སློབ་ཕྲུག་གཙོ་བོར་གྱུར་པའི་བོད་རིགས་གཞོན་སྐྱེས་ནང་ཆོས་དོན་གཉེར་བ་ཚོར་རྒྱལ་བའི་གསུང་འབུམ་ལེགས་བཤད་བློ་གསར་མིག་འབྱེད་ཀྱི་བཀའ་ཁྲིད་དབུ་འཛུགས་མ་བསྐྱངས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཐོག་བཀའ་སློབ་སྩལ་དོན།
ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རང་ཚང་མ་སློབ་སྦྱོང་བྱེད་བཞིན་པ་ཤ་སྟག་རེད། གང་ལྟར་མི་ཚེའི་ནང་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་གལ་ཆེན་པོ་ཡིན། དེ་ཡང་གོང་ནས་གོང་དུ་འཕེལ་རྒྱུ་གཙོ་བོ་སོ་སོ་རང་ཉིད་ཀྱི་ཐོས་བྱུང་གི་ཤེས་རབ་ཙམ་ལ་མ་བཞག་པར་བསམ་བྱུང་གི་ཤེས་རབ་བསྐྱེད་རྒྱུར་འབད་བརྩོན་ཆེ་ཙམ་བྱེད་དགོས། དེའི་ཐོག་ནས་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་གོང་འཕེལ་ཡོང་རྒྱུ་གཙོ་བོ་དེ་རེད་འདུག དེ་དང་ཆབས་ཅིག་ང་ཚོ་ནི་ཕྱོགས་གཅིག་ནས་སངས་རྒྱས་པའི་ཆོས་པ་དང་ཡང་སྒོས་གསང་སྔགས་ཐེག་ཆེན་གྱི་ཆོས་ནང་བྱམས་འཇམ་དབྱངས་དང་ས་བཅུའི་སེམས་དཔའ་སོགས་ལ་གསོལ་བ་འདེབས་རྒྱུ་ཡོང་གི་ཡོད། དཔེར་ན། མངོན་རྟོགས་རྒྱན་ནང་ལྷ་རྗེས་སུ་དྲན་པ་ཞེས་པ་དེའི་ནང་ཡོང་གི་འདུག ནཱ་ལེནྡྲའི་རྩིགས་ཤུལ་ནང་ནས་སྒྲོལ་མ་དང་སྤྱན་རས་གཟིགས་ཀྱི་སྐུ་དེ་འདྲ་རྙེད་ཀྱི་འདུག སྤྱིར་བྱང་ཆུབ་སེམས་དཔའི་ཐེག་པའི་ནང་དེ་ཡོད། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་ནང་ལྷ་སྐུའི་རྣམ་པ་ཅན་གྱི་སེམས་དཔའ་དེ་ཚོའི་གྲས་བསྒྲུབས་ནས་དེའི་གཟུངས་སྔགས་དང་གཙོ་བོ་སྒོམ་རྒྱག་རྒྱུའི་ཐོག་ནས་ཤེས་རབ་གོང་ནས་གོང་སྤེལ་རྒྱུའི་ཐབས་ཤེས་བྱ་རྒྱུ་གཅིག་ཡོད། སྔོན་གྱི་རྒྱ་གར་གྱི་མཁས་པ་མང་དག་ཅིག་གི་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་གཙོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་བསྟེན་ནས་གོང་ནས་གོང་དུ་འཕེལ་བའི་ལོ་རྒྱུས་ཡོངས་གྲགས་སུ་ཡོད། དེ་བཞིན་བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་མང་དག་ཅིག་གིས་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབས་ནས་ཤེས་རབ་གོང་ནས་གོང་དུ་འཕེལ་ཡོད། ངོས་རང་ལ་ཆ་མཚོན་ན། ཆུང་དུས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གང་བློ་མ་འདོན་རྒྱུས་མཚོན་དེ་དང་འབྲེལ་བའི་རྒྱུད་སྡེ་མི་འདྲ་བའི་ཐོག་ནས་འཇམ་དཔལ་དབྱངས་སྒྲུབ་སྐབས། ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུར་ངོས་ཀྱིས་དངོས་མྱོང་བྱུང་བར་བརྟེན་ཏན་ཏན་ཕན་ཐོགས་འདུག དེར་བརྟེན་དེ་རིང་འདིར་ཁྱེད་རང་ཚོས་རྗེ་བཙུན་འཇམ་དཔལ་དབྱངས་སྒྲུབ་ཐབས་ཀྱི་བྱིན་རླབས་ཤིག་བྱས་ན་བསམས་པ་དྲན་བྱུང། འཇམ་དབྱངས་སྒྲུབ་ཐབས་ལ་རྒྱུད་སྡེ་སོ་སོ་དང་འབྲེལ་བའི་མང་པོ་ཡོད་པ་རེད།
དེ་རིང་འདིར་སྤྱིར་བཏང་བྱ་རྒྱུད་དང་འབྲེལ་ཡོད། དེ་ཡང་འདུམ་བདེ་ཤོས་དེ་གང་བློ་མའི་ལྟོས་གྲུབ་བྱེད་དགོས་བསམ་པ་དྲན་བྱུང། ཞེས་བཀའ་སློབ་སྩལ་ཏེ་སྒྲུབ་ཞག་སྐར་མ་བཅོ་ལྔའི་རིང་མཛད་དེ་བར་མཚམས་འདིར་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ཁག་གཅིག་གིས་རྟགས་གསལ་བཏང་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་མཛད་གྲུབ་མཚམས་མུ་མཐུད་བཀའ་སློབ་ཕེབས་དོན། ངོས་རང་འཛམ་གླིང་ས་ཕྱོགས་གང་སར་སྐྱོད་སྐབས་ཐུག་པའི་མི་རྣམས་ལ། ངོས་ཀྱིས་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་གནས་ཡོད། དུས་རབས་ཉི་ཤུ་པ་དེ་ནི་ང་ཚོ་མི་ལོ་ན་ལྔ་བཅུ་ཡན་ཆད་སོན་པ་དེ་དག་དུས་རབས་ཉི་ཤུ་པའི་མི་རབས་ཤིག་ཆགས་ཡོད། ཁྱེད་རང་ཚོ་རང་ལོ་སུམ་ཅུ་མན་ཆད་རྣམས་དུས་རབས་ཉེར་གཅིག་པའི་མི་རབས་ལ་བཞག་ཆོག་གི་རེད། དུས་རབས་ཉི་ཤུ་པ་དེ་འདས་ཟིན་པ་རེད། འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་ང་ཚོའི་དུས་རབས་ཆགས་ཡོད། དེ་གང་འདྲ་བྱུང་བ་རེད་དམ་ཞེ་ན། ངོས་རང་དུས་རབས་ཉི་ཤུ་པའི་ཕྱི་ལོ་ ༡༩༣༥ ལོར་སྐྱེས་པ་རེད། དེ་དུས་རྒྱ་ནག་ལ་ཉི་ཧོང་གིས་དམག་འཁྲུག་རྒྱག་གྲབས་ཡོད། དེ་ནས་རིང་པོར་མི་ཐོགས་པར་འཛམ་གླིང་དམག་ཆེན་གཉིས་པ་བྱུང་བ་རེད། ཡུ་རོབ་ལ་ཆ་བཞག་ན་ན་ཛིའི་ཤུགས་སླེབས་ཀྱི་ཡོད།
དེ་རྗེས་ཕྱི་ལོ་ ༡༩༣༨།༣༩ དེ་འདྲ་ནས་དམག་ཆེན་གཉིས་པ་ལངས་ཏེ་གང་ལྟར་ལོ་བཞི་ལྔ་ཙམ་དེའི་ནང་མི་མང་དག་ཅིག་གི་ཚེ་སྲོག་ཤོར་ཡོད། རྒྱ་ནག་ལ་ཆ་བཞག་ན། ནང་འཁྲུག་བརྒྱབ་སྟེ་མི་མང་པོར་ཤི་སྐྱོན་བྱུང་ཡོད། དེ་ནས་ཀོ་རི་ཡའི་དམག་ལངས་ནས་མི་ཧ་ཅང་མང་པོ་ཤི་ཡོད། རྒྱ་ནག་གི་དེ་དུས་དམག་དཔོན་ཕང་ངྷི་ཝའི་དམག་དཔུང་གིས་མིའི་ཚེ་སྲོག་ལ་ཕངས་མེད་བྱས་ཡོད། ཚུར་ཕྱོགས་འདིར་ཨ་རིས་གོ་མཚོན་ཧ་ཅང་བེད་སྤྱོད་བྱས་ཡོད། ཕར་ཕྱོགས་དེར་རྒྱ་མིའི་དང་བླངས་དམག་དཔུང་ཞེས་པས་མིའི་ཚེ་སྲོག་ལ་ཕངས་མེད་བྱས་ཏེ་ཧ་ཅང་མང་པོ་བསད་ཡོད། དེ་ནས་ཝི་ཏི་ནམ་གྱི་དམག་ལངས་ཏེ་མི་མང་དག་ཅིག་བསད་རྨས་བྱུང་ཡོད། དེ་རྗེས་དུས་རབས་ཉེར་གཅིག་པ་འདི་བཞིན་འགོ་ཚུགས་སྐབས་ཨབ་གྷ་ནི་སི་ཐན་དང་དབྱི་རག་གི་རྙོག་གྲ་དེ་དག་གང་ལྟར་དུས་རབས་ཉི་ཤུ་པའི་ནང་གི་མིའི་བསམ་ཚུལ་དེ་མཐའ་མའི་ཐག་གཅོད་འཚེ་བར་བརྟེན་ནས་རང་རྒྱལ་གཞན་ཕམ་བཟོ་དགོས་ཞེས་པའི་ཡིད་ཆེས་དང་གོམས་གཤིས་འཁྱེར་ཏེ་དུས་རབས་ཉེར་གཅིག་པ་འགོ་ཚུགས་སྐབས། ས་གནས་སོ་སོར་འཁྲུག་པ་བརྒྱབ་སྟེ་མི་གསོད་རྒྱུ་དེ་ལྟ་བུ་ཞིག་བྱུང་ཡོད། དེ་ལྟ་བུའི་ཧ་ལས་དགོས་པའི་འཚེ་བ་བྱས་པས་གྲུབ་འབྲས་འཛམ་གླིང་འདི་གཞི་ལྷིང་བ་དང་ཕྲན་བུ་བདེ་སྐྱིད་མང་བ་ཡོད་པ་ཞིག་བྱུང་བ་ཡིན་ན། གང་ལྟར་འཚེ་བ་དེ་ལྟ་བུ་བྱས་པའི་གྲུབ་འབྲས་ལྟ་བཟོདང་འཇོག་བཟོ་ཡོད་པ་ལྟ་བུ་ཞིག་བྱུང་མི་འདུག གོང་དུ་བརྗོད་པ་ལྟར། སྔ་མོའི་བག་ཆགས་ཀྱིས་ཤུུགས་རྐྱེན་ད་ལྟ་ཡིན་རུང་རྙོག་གྲ་དང་འཚེ་བའི་ཐོག་གནས་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན་འདས་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་སྐབས། འཚེ་བ་བྱས་ནས་འཛམ་གླིང་འདིའི་ཐོག་བདེ་སྐྱིད་སྒྲུབ་ཅེས་པ་ཡོང་ཐབས་མེད།
སྔ་མོ་ཡིན་ན་ཡུལ་ཚོ་ཡུལ་ཚོ་བྱས་ཏེ་སོ་སོ་ལྟོ་ཚང་ཁག་ཁག་ཆགས་ནས་སོ་སོ་རང་ཁ་རང་གསོའི་གནས་སྟངས་འོག་ནས་དགྲ་གཉེན་དབྱེ་མཚམས་ཕྱེ་སྟེ་སོ་སོའི་དགྲ་བོ་གཏོར་བཅོམ་བྱས་ན་རང་ལ་རྒྱལ་ཁ་ཐོབ་པ་ལྟ་བུ་རེད། འོན་ཀྱང་དེ་རིང་ཁ་སང་གི་འཛམ་གླིང་འདི་དེ་ལྟར་མིན། གོ་ལའི་དཔལ་འབྱོར་ཞེ་ན་རྒྱལ་མཚམས་གང་ཡང་མེད། དེ་བཞིན་ཁོར་ཡུག་དང་འཛམ་གླིང་ཚ་དྲོད་ཤོད་སྐབས། རྒྱལ་མཚམས་ཀྱི་སྐད་ཆ་གང་ཡང་མི་འདུག འཛམ་གླིང་སྤྱི་ལ་བདེ་སྡུག་གཅིག་གྱུར་བརྗོད་རྒྱུ་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་དུས་ཚོད་ལ་སླེབས་སྐབས་ང་ཚོ་དང་ཁོང་ཚོ་ཞེས་བརྗོད་རྒྱུ་ལྷག་མེད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ཁྱོན་ཡོངས་ལ་ང་ཚོ་ཞེས་བརྗོད་རྒྱུ་རེད་མ་གཏོགས་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་མཚམས་འབྱེད་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། དམག་འཁྲུག་ཅེས་པ་དེ་ནི་རང་ཕྱོགས་དང་གཞན་ཕྱོགས་ཀྱི་དབྱེ་མཚམས་གསལ་པོ་ཕྱེ་པའི་འོག་དམག་འཁྲུག་ཡོང་གི་ཡོད། རང་ཕྱོགས་དང་གཞན་ཕྱོགས་ཀྱི་དབྱེ་མཚམས་གསལ་པོ་མེད་པའི་མཚམས་ལ་སླེབས་དུས་དམག་འཁྲུག་བརྒྱབ་ནས་ཕན་ཐོགས་གང་ཡང་མེད། སོ་སོའི་རྐང་པར་ན་ཚ་བྱུང་ན་ལག་པས་སྐྱོབ་དགོས་པ་རེད་མ་གཏོགས་རྐང་ལག་ཁག་ཁག་རེད་ཅེས་ནས་སྡོད་ཐབས་མེད། དཔེ་དེ་བཞིན་དུ་འཛམ་གླིང་ཡོངས་རྫོགས་མིའི་འགྲོ་བ་གཅིག་གྱུར་རེད། འཛམ་གླིང་འདིའི་ཐོག་བདེ་སྡུག་དང་དཔལ་འབྱོར། ཁོར་ཡུག་ག་རེ་ཡིན་རུང་གཅིག་གྱུར་ཆགས་ཀྱི་ཡོད་པར་བརྟེན། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་སྐྱིད་མཉམ་སྡུག་མཉམ་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས་རང་དང་གཞན་ཞེས་ཕྱོགས་གཉིས་བཟུང་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། མིའི་སྤྱི་ཚོགས་ནང་དཀའ་ངལ་ག་དུས་ཡིན་རུང་ཡོང་གི་རེད།
འོན་ཀྱང་དཀའ་ངལ་འཕྲད་སྐབས་གོ་མཚོན་འཁྱེར་ནས་དཀའ་ངལ་སེལ་རྒྱུའི་བསམ་བློ་དེ་རྗེས་ལུས་རེད། དཀའ་ངལ་འཕྲད་སྐབས་གོ་བསྡུར་བྱེད་དགོས། སྔོན་མ་ས་ཏམ་ཧུ་སིན་གྱི་གནས་ཚུལ་ཡོང་སྐབས་དང་། དེ་རྗེས་ངོས་ལ་ཡི་གེ་འབྲི་མཁན་བྱུང་། ངོས་རང་དབྱི་རག་ཏུ་ཕྱིན་ནས་ས་ཏམ་ཧུ་སིན་ཐུག་ན་ཕན་ཐོགས་མི་ཡོང་ངམ་ཞེས། དེ་ཧ་མ་གོ་བའི་སྐད་ཆ་རེད། ངོས་རང་དབྱི་རག་དང་འབྲེལ་བ་རྩ་བ་ནས་མེད། འོན་ཀྱང་དེ་རྗེས་གནས་ཚུལ་ཡོང་སྐབས་འཛམ་གླིང་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཕྱིན་ན། ས་ཏམ་ཧུ་སིན་གྱི་བསམ་བློར་དོགས་པ་ཟ་གི་རེད། ཁ་ནས་དེ་ལྟར་ཤོད་ཀྱི་འདུག་ཀྱང་རྩིས་ངན་ག་རེ་བརྒྱབ་ཀྱི་ཡོད་དམ་སྙམ་པའི་དོགས་པ་ཟ་གི་རེད། རྒྱལ་ཁབ་སུ་གཅིག་དང་ཆབ་སྲིད་ཀྱི་འབྲེལ་བ་སུ་གཅིག་ལ་མེད་པ་འཛམ་གླིང་འདིའི་ཐོག་ཞི་བདེའི་གཟེངས་རྟགས་བཞེས་ཡོད་པ། དེ་བཞིན་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ། བསམ་བློ་བ། རྒྱལ་ཁབ་སུ་གཅིག་གི་ཚབ་མཚོན་མིན་པར་སྒེར་པ་སོ་སོས་ལྷག་བསམ་རྣམ་དག་ཐོག་ནས་ས་ཏམ་ཧུ་སིན་སར་ཕྱིན་ཏེ་སྐད་ཆ་བཤད་དེ་དགེ་བཤད་སྡིག་འཁྲུལ་བྱས་ན་དམག་འཁྲུག་ལངས་ན། ས་ཏམ་ཧུ་སིན་ཕམ་རྒྱུ་རེད་མ་གཏོགས་རྒྱལ་ཁབ་ཐོབ་ཀྱི་མ་རེད། ཕམ་རྒྱུ་ཡིན་པ་ཤེས་ནས་དམག་སུས་རྒྱག་གི་རེད་དམ་རྒྱག་གི་མ་རེད། དེ་དུས་སྐད་ཆ་བཤད་ཡོད་ན། གཅིག་བྱས་ན་དབྱི་རག་གི་དམག་འཁྲུག་དེ་གཡོལ་ཐུབ་སྲིད་མིན་ནམ་སྙམ་པ་ངོས་རང་དྲན་མྱོང་ཡོད།
དེ་རྗེས་དབྱི་རག་གི་གནས་ཚུལ་ཚར་བ་རེད། དེ་ལྟ་བུའི་དཀའ་ངལ་འཕྲད་སྐབས་ཆབ་སྲིད་ཀྱི་ཚོགས་པ་འབྲེལ་བ་གང་ཡང་མེད་པའི་འཛམ་གླིང་འདིའི་ཐོག་གི་མི་ཡ་རབས་བཟང་པོར་ཚད་བཟུང་བྱེད་རྒྱུའི་མི་དེ་འདྲ་ཕྱིན་ནས་སྐད་ཆ་བཤད་ན་ཡག་པོ་ཡོང་གི་རེད་ཅེས་པའི་ངོས་རང་གི་བསམ་འཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཁོང་ལ་རེ་འདུན་ནམ་བསམ་འཆར་དེ་བཏོན་པ་ཡིན། དེ་འདོན་སྐབས་ལྷོ་ཨ་ཕི་རི་ཀའི་སྲིད་ཟུར་པ་ཌེཀ་ལས་ཁོང་ལ་ཡང་སྐད་ཆ་བཤད་པ་ཡིན། སྐབས་ཤིག་ཚོགས་པ་ཟུར་འཛུགས་མི་དགོས་པར་ཅེཀ་ཕོ་རོམ་ཊོ་ཐའོ་སན་ཞེས་པ་ཡོད་མུས་རེད། དེའི་ཐོག་ནས་སྔོན་ལ་འགོ་ཞིག་བཙུགས་ན་ཞེས་པའི་སྐད་ཆ་བྱུང།
གང་ལྟར་དུས་རབས་ཉེར་གཅིག་པ་འདི་དམག་འཁྲུག་རྒྱག་རྒྱུའི་ལྟ་གྲུབ་དེ་སེལ་ནས་དེ་རིང་ཁ་སང་ཧ་ཅང་འགྱུར་བ་ཕྱིན་ཡོད། ཨ་རི་དང་ཡུ་རོབ། ཨི་ཤེ་ཡ། མཐའ་ན་རྒྱ་ནག་ལ་ཡང་འགྱུར་བ་འགྲོ་གི་འདུག དམག་དཔུང་གི་དྲག་ཤུགས་ཁོ་ནས་དཀའ་ངལ་དེ་སེལ་ཐབས་མེད་པར། མཐར་གཏུག་ན་རང་གཞན་གཉིས་ཕུང་ཐོག་ལ་འགྲོ་གི་ཡོད་པ་ཞིག་གཞི་ནས་གོ་རྟོགས་སླེབས་ཀྱི་འདུག དུས་རབས་ཉེར་གཅིག་པ་འདི་བཞིན་ང་ཚོས་འཚེ་བ་མེད་པའི་དུས་རབས་ཤིག་བསྐྲུན་རྒྱུར་འབད་བརྩོན་ཆེ་ཙམ་བྱེད་དགོས། སྤྱིར་བཏང་འཚེ་བ་མེད་པའི་དུས་རབས་ཞེས་པ་དེར་རྙོག་གྲ་མེད་པའི་སྐད་ཆ་མིན། རྙོག་གྲ་མུ་མཐུད་ཡོང་གི་རེད། འོན་ཀྱང་རྙོག་གྲ་ཡོང་སྐབས་སྐད་ཆ་བཤད་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་ཞེས་ཤོད་ཀྱི་ཡོད། དེར་བརྟེན་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་དང་ཞི་བདེའི་དུས་རབས། འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས། རྩ་བ་ཐུག་ས་གཉིས་ཕན་ལ་བསམ་བློ་གཏོང་བར་ཕ་རོལ་པོར་གུས་ཞབས་དང་བརྩེ་བ་བྱེད་དགོས། རང་རྒྱལ་གཞན་ཕམ་གྱི་བློ་རྩེ་གཅིག་ཏུ་གནས་ན་གྲོས་མོལ་ཡོང་ཐབས་མེད། གཉིས་ཕན་གྱི་བསམ་བློ་འཁོར་བར་གཞན་ལ་གུས་བཀུར་དང་བརྩེ་བ་དགོས། དེར་བརྟེན་འཛམ་གླིང་འདི་དུས་རབས་ཉེར་གཅིག་པ་འདི་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་བྱུང་ན། མཐར་གཏུག་ན་དུས་རབས་ཉེར་གཅིག་པ་འདི་སྙིང་རྗེ་ཅན་གྱི་དུས་རབས་ཤིག་བཟོ་དགོས་རྒྱུ་དེ་རྩ་བ་ཆགས་ཀྱི་ཡོད། ཁྱེད་རང་ཚོ་བོད་རིགས་གཞོན་སྐྱེས་ཚོར་ཆ་བཞག་ན། འཛམ་གླིང་འདིའི་ནང་གི་མི་གྲངས་དུང་ཕྱུར་བདུན་ཅུའི་ནང་ལ་ཁྱེད་རང་ཚོ་ཡང་ཚུད་ཡོད། ངོས་ཀྱིས་དུས་རྟག་ཏུ་ངོས་རང་ལ་འཛམ་གླིང་གི་མི་ཐུག་སྐབས་ངོས་རང་ནང་པ་ཡིན་བསམས་པའི་བསམ་བློ་འཁྱེར་ནས་སྐད་ཆ་བཤད་ན་དབྱེ་བ་ཆོད་ཟིན་པ་རེད། ངོས་རང་བོད་པ་ཡིན་བསམས་པའི་བསམ་བློ་འཁོར་ན་དབྱེ་མཚམས་ཆོད་པ་རེད། དེ་བཞིན་ངོས་རང་ཏཱ་ལའི་བླ་མ་ཡིན་བསམས་པ་དྲན་ན་དབྱེ་མཚམས་ཆོད་པ་རེད། མི་སྟོང་ཕྲག་དང་ཁྲི་ཕྲག་ལ་སྐད་ཆ་ཤོད་སྐབས་ངོས་རང་ལུས་པོ་དང་སེམས་ཚོར་ཚང་མ་ཁྱེད་རང་ཚོ་དང་གཅིག་མཚུངས་རེད། ཅེས་ཤོད་ཀྱི་ཡོད། ང་ཚོ་ཚང་མ་འཛམ་གླི་འདིའི་ནང་གི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ནང་གི་ཆ་ཤས་ཆགས་ཡོད། དུང་ཕྱུར་བདུན་ཅུ་སྐྱིད་ཅིང་བདེ་བར་བྱུང་ན། ང་ཚོ་སྐྱིད་པོ་ཡོང་ཡོང་བ་རེད། དུང་ཕྱུར་བདུན་ཅུ་དེ་དག་དམག་འཁྲུག་དང་བཙན་དབང་ཐུབ་ཚོད་འོག་ནས་ཕྱིན་ན། ང་ཚོར་བདེ་སྐྱིད་ཡོང་ཐབས་མེད། ལྷག་པར་དུ་བོད་ཀྱི་བདེ་སྐྱིད་ལ་ཆ་བཞག་ན་རྒྱ་ནག་དང་འབྲེལ་བ་ཡོད། རྒྱ་ནག་ནང་དུ་ག་ཚོད་ཀྱིས་བྱམས་བརྩེ་དང་མཛའ་མཐུན་ཞེས་པ་ཁ་ནས་བཤད་པ་ལྟར། ལག་ལེན་ངོ་མའི་ཐོག་ལ་ཕྱིན་ན། བོད་ཀྱི་དཀའ་ངལ་སེལ་སེལ་བ་རེད།
དེར་བརྟེན་ང་ཚོའི་ངོས་ནས་ཀྱང་མཛའ་མཐུན་བྱེད་རྒྱུའི་བསམ་བློ་གཏོང་དགོས་པ་རེད་མ་གཏོགས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ངག་རྒྱལ་བྱས་པ་དེས་ཕལ་ཆེར་གྲུབ་འབྲས་སོན་རྒྱུ་ཁག་པོ་རེད། འཛམ་གླིང་འདིའི་ཐོག་མི་ཐུག་སྐབས་ངོས་ཀྱིས་དུས་རྟག་ཏུ་ང་ཚོས་དགྲ་དང་གཉེན་ཞེས་དབྱེ་མཚམས་ཕྱེ་ནས་འཐབ་རྩོད་བྱས་ན་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། འཛམ་གླིང་མི་དུང་ཕྱུར་བདུན་ཅུ་གཅིག་གྱུར་ཡིན་པའི་འདུ་ཤེས་འོག་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་རེད་ཅེས་ཤོད་ཀྱི་ཡོད། ངོས་ཀྱིས་སྐད་ཆ་ཤོད་སྐབས་མི་རེ་ཟུང་གང་ཡིན་མི་ཤེས་ཀྱང་རྣམ་འགྱུར་ལ་ལྟ་སྐབས་མང་དག་ཅིག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁྱེད་རང་ཚོར་ཆ་བཞག་ན་ཕྱོགས་གཅིག་ནས་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུའི་ནང་གི་ཆ་ཤས་ཤིག་ཡིན་པ་མ་ཟད། ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་མི་རབས་ཤིག་ཆགས་ཡོད། ང་ཚོའི་མི་ཐོག་རྫོགས་འགྲོ་གི་ཡོད། ངོས་སྒེར་ལ་ཆ་བཞག་ན། ལོ་བཅོ་ལྔ་ཉི་ཤུ་ཡིན་འགྲོ། དེ་ནས་འཆི་འགྲོ་གི་རེད། ཁྱེད་རང་ཚོ་གཞི་ནས་མི་ཚེ་སྐྱེལ་དགོས་པ་རེད། ཁྱེད་རང་ཚོ་སློབ་སྦྱོང་ཐོན་ནས་མི་ཚེ་དངོས་གཞི་སྐྱེལ་སྐབས་སོ་སོའི་མཇིང་པའི་ཐོག་འགན་ཞིག་འཁྱེར་ཏེ་ཆེ་ས་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཞིག་བྱེད་དགོས། ང་ཚོ་ཚང་མའི་ཁ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཤོད་ཀྱི་ཡོད། དེ་ཤོད་ཀྱི་ཡོད་ན། ཁ་ཡོད་ལག་ཡོད་ཀྱིས་སོ་སོ་གནས་སའི་འཛམ་གླིང་འདིའི་ཐོག་གི་མིར་ཕན་ཐོགས་བྱེད་ཐུབ་ན་འགྲིག་པ་རེད། གདན་ཐོག་ལ་སེམས་ཅན་ཐམས་ཅད་ཅེས་བརྗོད། ལག་ལེན་ངོ་ཐོག་རང་ཉིད་གཅིག་པུར་བསམ་བློ་བཏང་ན་སྐྱག་རྫུན་རེད། དེར་བརྟེན་ཁྱེད་རང་ཚོས་ང་ཚོ་བོད་པ་ཡིན་ཞེས་འཛམ་གླིང་འདི་དང་འབྲེལ་བ་མེད་པའི་བསམ་བློ་གཏོང་རྒྱུ་མེད། ང་ཚོ་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་རེད། བྱེ་བྲག་ཏུ་བོད་པར་ཆ་བཞག་ན། ཁྱེད་རང་ཚོ་དེ་དག་བོད་རིགས་དུས་རབས་ཉེར་གཅིག་པའི་མི་རབས་ཤིག་ཆགས་ཡོད། མ་འོངས་པའི་བོད་གང་འདྲ་ཞིག་ཆགས་དང་མི་ཆགས་ཁྱེད་རང་ཚོའི་ལག་པར་ཡོད། མ་འོངས་པའི་དུས་རབས་ཉེར་གཅིག་པའི་བོད་དེ་ཡག་པོ་ཞིག་ཡོང་དགོས་བྱུང་ན། ཕྱི་དངོས་པོའི་འཛུགས་སྐྲུན་གྱི་ཡར་རྒྱས་དགོས་ཀྱི་རེད་ལ་གཙོ་བོ་ནང་བསམ་བློའི་ཡར་རྒྱས་དགོས། ད་ལྟ་འཛམ་གླིང་འདིར་ཕྱི་དངོས་པོའི་ཡར་རྒྱས་ཀྱིས་ཕོངས་མེད་ཀྱང་ནང་བསམ་བློའི་ཡར་རྒྱས་ཕོངས་ཡོད། སོ་ནམ་གྲོང་པའི་དཔེ་ལ་ལྟོས་ཞེས་པ་ལྟར། འཛམ་གླིང་ཡར་རྒྱས་ཕྱིན་པའི་ལུང་པ་དེ་དག་བསམ་བློའི་ཡར་རྒྱས་ཀྱིས་ཕོངས་ཡོད་པ་ང་ཚོས་མཐོང་སྐབས། ང་ཚོར་བསམ་བློའི་ཡར་རྒྱས་ཀྱིས་མ་ཕོངས་པ་ཞིག་བྱེད་དགོས། དེ་ལྟར་བྱ་རྒྱུའི་རྒྱུ་ཆ་གཙོ་བོ་དེ་བྱམས་བརྩེར་ཐུག་ཡོད།
སྤྱིར་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་གི་ཡོད། ཡང་སྒོས་སངས་རྒྱས་པའི་ཆོས་ནང་ནས་བྱམས་བརྩེ་ཞེས་པ་དེ་མི་ཁོ་ན་མ་ཡིན་པར་འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱེད་དགོས་པ་གསུངས་ཡོད། དེ་ཡང་དཀོན་མཆོག་གིས་བཀའ་དང་བཅོམ་ལྡན་འདས་ཀྱི་དགོངས་པ་རེད་ཅེས་པ་མིན་པར་རྒྱུ་མཚན་མཐིལ་ཕྱིན་པ་ཞིག་བཀོད་ནས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཕན་ཡོན། དེ་བཞིན་ཞེ་སྡང་སོགས་ཀྱི་ཉེས་མིག་དང་བྱམས་པ་སོགས་ཀྱི་ཕན་ཡོན། དེ་རིང་ཁ་སང་སྨན་པས་བརྟག་དཔྱད་བྱེད་སྐབས་བྱམས་བརྩེའི་བློ་ཡོད་ན་གཟུགས་པོ་བདེ་བ་ཡོད་པ་དང་། ཡང་ཡང་ཁོང་ཁྲོ་དང་ཕྲག་དོག་བྱས་ནས་གནས་ན་གཟུགས་པོར་གནོད་སྐྱོན་ཆེན་པོ་ཡོད་པ་དེ་རིང་ཁ་སང་སྨན་པའི་ཚན་རིག་པས་ཤོད་ཀྱི་འདུག ང་ཚོས་རྒྱུ་མཚན་མང་དག་ཅིག་བགྲངས་ཏེ་སེམས་པ་བཟང་པོ་དང་དྲང་པོ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ངོས་ཀྱིས་ན་ནིང་ཨ་རིའི་ཚན་རིག་པ་ཞིག་གིས་རྩོམ་ཡིག་བྲིས་པ་ཞིག་མཐོང་བྱུང། དེའི་ནང་མི་སྐྱག་རྫུན་ཡང་ཡང་ཤོད་མཁན་དེའི་སེམས་ནང་ལ་གནོན་ཤུགས་ཆེན་པོ་ཡོད་པ་རེད། ཅེས་བརྗོད་འདུག་པས་དེ་བདེན་པ་རེད། སྐྱག་རྫུན་ངོས་རང་དེ་སྔོན་བོད་དུ་རྒྱ་མི་མཉམ་དུ་སྡོད་སྐབས་ཕྲན་བུ་ཤོད་དགོས་ཀྱི་འདུག རྒྱ་མི་དང་ཐུག་ནས་སྐད་ཆ་ཤོད་སྐབས་འགོ་སྟོད་དེ་འདྲ་ཞིག་རེད། གང་ཙམ་སོང་རྗེས་རྒྱ་མིས་ངོས་ལ་དོགས་པ་བྱེད་རྒྱུ་དང་། མཐའ་མ་ངོས་རང་ཐུག་པར་ཡོང་སྐབས་ཁོང་ཚོའི་ཨམ་ཕྲག་ནང་མེ་མདའ་འཁྱེར་ནས་ཐུག་གི་ཡོད། དེ་དུས་སྐྱག་རྫུན་ཕྲན་བུ་ཤོད་དགོས་ཀྱི་འདུག སེམས་ལ་མ་བབས་ཀྱང་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་དགོས་ཀྱི་འདུག འོན་ཀྱང་སེམས་ཀྱི་ཟུར་ལ་སྐྱག་རྫུན་དེ་དག་ག་དུས་རྫུན་རྐུབ་བརྡོལ་ཡོང་ངམ་བསམས་པའི་མ་སྐྱིད་པ་ཡོང་གི་འདུག སྐྱག་རྫུན་ཤོད་མ་དགོས་པ་བྱུང་ན་ཡག་ཤོས་རེད། དྲང་པོ་དྲང་གཞག་དང་ཁ་རི་ཁ་ཐུག་བྱས་ཏེ་ཕྲན་བུ་རླུངས་ལངས་ཏེ་རྒྱག་རེས་ཤོར་ཡང་བརྒྱབ་སྟེ་རླུངས་སངས་རྗེས་འཆམ་པོ་བྱེད་དགོས། དེ་མིན་སེམས་ནང་ཁོང་ཁྲོ་དང་དོགས་པ་བཟས་ཀྱང་ཁ་ནས་འདྲ་ཆགས་པོ་བྱས་ནས་བསྡད་ན་གང་ལྟར་སྐྱིད་པོ་གང་ཡང་མི་འདུག
སྤྱིར་བཏང་ངོས་ཀྱིས་རྒྱ་མི་ཐུག་སྐབས་བརྗོད་ཀྱི་ཡོད། ཕྱི་ལོ་༡༩༥༩ ཟླ་ ༤ པའི་ནང་ངོས་རང་རྒྱ་གར་དུ་སླེབས་སོང། སྐྱག་རྫུན་བཤད་མ་དགོས་པའི་བཅིངས་བཀྲོལ་ཐོབ་བྱུང་ཞེས་བརྗོད་ཀྱི་ཡོད། དྲང་པོ་དྲང་གཞག་དང་ཁ་རི་ཁ་ཐུག་ངང་ནས་ང་ཚོ་མི་གཅིག་གྱུར་ཡིན་བསམས་པ་བྱེད་དགོས། ངོས་ཀྱིས་ནམ་རྒྱུན་མི་གཅིག་ལ་སྐད་ཆ་བཤད་པ་དང་མི་སྟོང་ཕྲག་ཁྲི་ཕྲག་ལ་སྐད་ཆ་བཤད་པ་དེ་ངོས་རང་གི་ངོས་ནས་གཅིག་པ་ཡིན་བསམས་པ་མ་གཏོགས་དེ་རིང་ངོས་ནས་མི་སྟོང་ཕྲག་ཁྲི་ཕྲག་ལ་སྐད་ཆ་ཤོད་དགོས་ཀྱི་ཡོད་བསམས་ནས་དེར་དམིགས་བསལ་གྱི་གྲ་སྒྲིག་དེ་འདྲ་གང་ཡང་བྱེད་ཀྱི་མེད། ག་རེ་དྲན་པ་དེ་བཤད། རྩེད་མོ་དང་བསྟན་བཤིག་སློང་གི་ཡོད། དེ་ལྟར་བྱས་ན་སེམས་སྐྱིད་པ་འདུག དེ་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་སོ་སོ་གལ་ཆེན་པོ་དང་རྩ་ཆེན་པོ་བྱས་པ་དེའི་ཚོད་ཀྱིས་སེམས་ལ་དངངས་སྐྲག་དང་མ་བདེ་བའི་གནོན་ཤུགས་སླེབས་ཀྱི་འདུག དྲང་པོ་དྲང་གཞག་དང་ཕྱི་གསལ་ནང་གསལ་བྱས་ནས་ཕྱིན་ན། སོ་སོའི་བསམ་བློའི་ནང་བཅིངས་ཡོད་པ་དེ་ཡོང་གི་མི་འདུག དེ་བཞིན་སེམས་ལ་དངངས་སྐྲག་ཀྱང་ཡོང་གི་མི་འདུག དེར་བརྟེན་ཐང་ཆད་རྒྱུར་ཡང་ཧ་ཅང་ཁྱད་པར་འདུག་ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད།