༢༠༡༣ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌིའི་དུ་ནེ་དིན་ Dunedin གྲོང་ཁྱེར་ནང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཁུལ་དེའི་གྲོང་སྡེའི་ཚོགས་ཁང་ནང་ (Town Hall) ཆིབས་སྒྱུར་བསྐྱངས་ཏེ་ཁྱོན་མི་གྲངས་ ༢༡༠༠ བརྒལ་བར་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད་ (Ethics for a Whole World) སྐོར་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། དེ་རིང་ངོས་རང་འདི་གར་བཅར་ཏེ་ཁྱེད་ཚོ་ཐུག་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་སེན་པོལ་ཡི་ཤུའི་མཆོད་ཁང་ནང་ (St. Paul’s Cathedral) ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་ལྷན་སྨོན་ལམ་བརྒྱབ་སྟེ་དེ་རིང་ཉིན་མོ་འགོ་འཛུགས་བྱས་པ་ཡིན། ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་དགོས། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ས་གནས་དང་དུས་ཚོད། དེ་བཞིན་མི་ཚེ་སྐྱེལ་སྟངས་ཀྱི་ལམ་ལུགས་འདྲ་མིན་འོག་རིམ་བཞིན་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ནའང་གཞི་རྩའི་དམིགས་ཡུལ་གཅིག་པ་ཡིན། དེར་བརྟེན་ང་ཚོས་ཕན་ཚུན་བསླབ་བྱ་ལེན་དགོས། ང་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་བདག་གཅེས་བྱས་པ་དང་དུས་མཚུངས་ཆོས་ལུགས་གཞན་ཤེས་ནས་གུ་བརྩི་ཞུ་དགོས།
འདས་པའི་དུས་སྐབས་སུ་ཆོས་བེད་སྤྱོད་ལོག་པ་བྱས་རྐྱེན་ཆོས་ལུགས་ལ་ལྟ་ཚུལ་ཞིག་ཡོད། དེ་ནི་བཟང་སྤྱོད་མ་འདང་བའི་རྐྱེན་གྱིས་ཡིན། ལྐོག་ཟ་རུལ་སུངས་དང་ཐུབ་ཚོད། གཞན་མགོ་སྐོར་སླུ་ཁྲིད་བྱ་རྒྱུ་སོགས་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་རེད། དེར་བརྟེན་བཟང་སྤྱོད་ཀྱིས་མི་ཚེ་དྲང་ཚུགས་ལྡན་པའི་ཐོག་ནས་སྐྱེལ་ཐུབ་ཀྱི་ཡོད། དྲང་པོ་བྱས་ན་གཞན་གྱི་ཡིད་ཆེས་དང་ཆ་འཇོག་བྱ་རྒྱུ་རེད། དྲང་བདེན་ནི་མཛའ་བརྩེའི་འབྲེལ་ལམ་གྱི་རྨང་གཞི་ཡིན། བྱམས་བརྩེའི་བསམ་པའི་ཐོག་ནས་མཛའ་བརྩེའི་འབྲེལ་ལམ་རྒྱུན་ཁྱོངས་བྱེད་ཐུབ། ང་ཚོར་བྱམས་བརྩེའི་ས་བོན་འདེབས་མཁན་དེ་རང་གི་སྐྱེད་མ་ཡིན་པ་ལས་ཆོས་མིན། ང་ཚོ་ཚང་མ་མ་ལས་བསྐྱེས་པ་ཡིན་སྟབས། མའི་བྱམས་སྐྱོང་འོག་འཚོ་ཡོད། མའི་བྱམས་བརྩེ་ཇི་ཙམ་མང་བ་ཐོབ་པ་དེ་ཚོས་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་མཐུན་རྐྱེན་མང་བ་ཡོད། མའི་བྱམས་བརྩེ་དེ་ཙམ་མ་ཐོབ་པ་རྣམས་དང། ལྷག་པར་ཆུང་དུས་གཞན་གྱིས་ཐུབ་ཚོད་འོག་འཚར་ལོངས་བྱས་པའི་མི་དེ་མི་གཞན་ལ་ཡིད་ཆེས་བྱེད་མ་ཐུབ་པ་དང། སེམས་ནང་འཇིགས་སྣང་གི་ཚོར་བ་ཆེན་པོ་ཡོད། དེའི་རྐྱེན་མི་ཚེའི་ནང་དཀའ་ངལ་འཕྲད་རྒྱུ༜་ཡིན། བརྩེ་བ་ནི་བྱམས་བརྩེའི་ས་བོན་ཡིན། ང་ཚོའི་ལུས་དེ་ཡང་བརྩེ་བ་ལ་བརྟེན་ནས་འཚོ་དགོས་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས། ༸གོང་ས་མཆོག་ཨོ་ཊེ་གོ་གཙུག་ལག་སློབ་ཁང་ལ་ (Otago University) ཆིབས་ཞལ་བསྒྱུར། ཁུལ་དེར་གཙུག་ལག་སློབ་དཔོན་སྐུ་ཞབས་ལོ་ཡི་ཌི་ཇེ་རིང་(Rev. Professor Sir Lloyd Geering)མཆོག་གིས་ཆེད་དོན་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་མཛད་པ་དེ་བརྙན་འཕྲིན་ཐོག་ཐད་ཀར་རྒྱང་སྲིང་ཞུས། ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་ཨོག་ལེན་ཌིར་ Auckland ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག