༢༠༡༣ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཀ་ལ་མཱན་ཏྲོན་ (Clementtown) ནས་སྤྱི་ཟུར་བསྟན་སྐྱབས་ལགས་ཀྱིས་གནས་ཚུལ་བཏང་གནས་ནང་འཁོད་དོན། སྡེ་ར་ལྡུན་མངའ་ཁོངས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་གིས་ཉེ་ལམ་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་ (Uttarakhand) མངའ་སྡེའི་ནང་ཆུ་ལོག་དང་ས་ཉིལ་གྱི་གོད་ཆག་འོག་མི་གྲངས་སྟོང་ཕྲག་མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་བ་དང་། མི་གྲངས་ཁྲི་ཕྲག་མང་པོའི་སྡོད་ཁང་དང་དགོས་མཁོའི་ཡོ་ཆས་རྣམས་ལ་དོ་ཕོག་ཧ་ཅང་ཚབས་ཆེ་བྱུང་བ་མ་ཟད། རི་ལམ་ཆད་ནས་འགྲོ་ལམ་འགག་པར་བརྟེན་ཁ་ཟས་དང་ཐུང་ཆུ་སོགས་ཀྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་འདུག
ཐོག་མར་ས་སྐྱའི་ཆོས་སྒར་དབུ་འཛིན་མཆོག་ནས་འབོད་བསྐུལ་གནང་བ་བཞིན། གདུང་སེམས་མཉམ་སྐྱེའི་མཆོད་འབུལ་དང་བསྔོ་སྨོན་གནང་ཡོད། ས་ཕྱོགས་དེར་དཀའ་ངལ་འཕྲད་ས་ནས་ཕེབས་མཁན་རྣམས་དང། རོགས་སྐྱོབས་གནང་མཁན་རྣམས་ལ་ Dehradu Jolly grant གནམ་ཐང་གི་ཉེ་འགྲམ་དུ་མངའ་སྡེ་གཞུང་དང། མི་མང་གིས་སྣེ་ལེན་དང་ཞལ་ལག་གནང་བཞིན་འདུག་ན། དེ་བཞིན་སྡེ་ར་ལྡུན་ཁུལ་གྱི་བོད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ་ཚོས་ཀྱང་ས་གནས་དེར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༤ ནས་ ༢༦ བར་ཉིན་གསུམ་རིང་ཞོགས་པ་ནས་དགོང་མོའི་བར་ཞལ་ལག་འབུལ་རྒྱུ་ཡིན་པ་མ་ཟད། དེ་རྗེས་བགྲོད་ལམ་ཐོན་མ་ཐག་ས་གནས་སུ་དངོས་སུ་ཆེད་བསྐྱོད་ཀྱིས་ཁུལ་དེའི་མི་མང་རྣམས་ལ་རོགས་སྐྱོབས་གང་ཐུབ་བྱ་རྒྱུར་གོ་སྒྲིག་ཞུ་བཞིན་ཡོད་འདུག