༢༠༡༣ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་སྐུ་མེ་རི་བྷེ་ཏི་མར་ཀེ་Ms Mary Beth Markey མཆོག་གིས་ལོ་ངོ་ ༢༥ རིང་རྒྱལ་སྤྱིའི་སྟེང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གྱི་ལས་འགུལ་སྣ་མང་སྤེལ་གནང་ཡོད་ཅིང། ད་ཆ་ཁོང་ལས་གནས་ནས་དགོང་པ་ཞུས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ཉིན་ལྕམ་སྐུ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གནས་འཕྲིན་ཞིག་ཕུལ་ཡོད་པའི་ནང་འཁོད་དོན།
ལྕམ་སྐུ་མེ་རི་བྷེ་ཏི་མར་ཀེ་མཆོག་ནི་ང་རང་སྒེར་ཙམ་མ་ཟད། བོད་ཀྱི་གྲོགས་པོ་བློས་ཐུབ་གཅིག་ཡིན་པར་བརྟེན། ངས་ཁོང་གིས་བོད་མིའི་བདེན་པའི་འཐབ་རྩོད་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། ལྕམ་སྐུ་མཆོག་གིས་ཆོད་སེམས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། འབྱུང་འགྱུར་བོད་དོན་ཐོག་འབྲེལ་བ་མུ་མཐུད་འཇོག་རྒྱུའི་རེ་བ་ཞུ་བཞིན་ཡོད། ལྕམ་སྐུ་མཆོག་གི་མཁས་མཛངས་དང་ཐུགས་གཤིས་འཇམ་པའི་རང་བཞིན་དེ་ང་ཚོས་རྒྱུན་དུ་སེམས་ནང་དྲན་བཞིན་ཡོད།
དེ་ཡང་ལྕམ་སྐུ་མེ་རི་བྷེ་ཏི་མར་ཀེ་མཆོག་གིས་ཕྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་གཞུང་འབྲེལ་ཚན་པའི་འགན་འཛིན་གནང་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༣ ནས་ ༢༠༡༠ བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པའི་མཚན་གནས་ཐོག་རྒྱལ་སྤྱིའི་སློབ་སྟོན་པའི་ཕྱག་ལས་གནང་མཐར། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༦ ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༣༡ བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང། དེ་ཡང་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་བོད་ཀྱི་སྲིད་བྱུས་ཞེས་པ་ (Tibetan Policy Act) གཏན་འབེབས་གནང་ཐུབ་པ་དང། དེ་རྗེས་ཕྱི་ལོ་ ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བ་སོགས་ནི་ལྕམ་སྐུ་ཁོང་གི་ལས་ཡུན་རིང་གཟེངས་སུ་ཐོན་པའི་བྱས་རྗེས་ཤིག་ལ་ངོས་འཛིན་ཞུས་ཆོག
དེ་བཞིན་ལྕམ་སྐུ་མཆོག་གི་ལས་ཡུན་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང། བོད་ནས་བོད་མི་བྲོས་འབྱོལ་བ་རྣམས་ལམ་བར་དཀའ་ངལ་ཇི་ལྟར་འཕྲད་“Dangerous Crossings: Conditions Impacting the Flight of Tibetan Refugees”སྐོར་དང། རྒྱ་ནག་གཞུང་གིས་མི་ལོ་ ༦༠ ལྷག་གི་རིང་བོད་ནང་དབང་འགྱུར་བྱས་རྐྱེན་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བཞིན་པའི་སྐོར་ལ་ལོ་འཁོར་སྙན་ཐོ་ ”’60 Years of Chinese Misrule: Arguing Cultural Genocide in Tibet;”སོགས་འདོན་སྤེལ་གནང་ཡོད།
ཕྱོགས་མཚུངས་བཙན་བྱོལ་བོད་མིའི་གཞིས་ཆགས་ས་བརྟན་དང་བཙན་བྱོལ་བོད་མིའི་འགོ་ཁྲིད་མང་གཙོའི་ལམ་ནས་འོས་བསྡུ་བྱེད་སྐབས་ཨ་རིར་རྟེན་གཞི་བྱས་པའི་མང་གཙོ་འཕེལ་རྒྱས་ཚོགས་པ་དང་ལྷན་དཔལ་འབྱོར་གྱི་རོགས་རམ་མཐུན་འགྱུར་ཞུས་ཡོད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་རྒྱ་སྐྱེད་གནང་སྟེ་ཝ་ཤིང་ཊོན་ཙམ་མ་ཟད། བྷར་ལིན་ Berlin དང་ཨེམ་སི་ཊར་ཌམ་ Amsterdam བྷར་སེལ་ Brussels ལོན་ཌོན། London བཅས་ཀྱི་ནང་ལས་ཁུངས་མ་ལག་གསར་འཛུགས་ཐུབ་པ་བྱུང་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཚོགས་ Australia Tibet Council དང་ཐུན་མོང་ཐོག་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་པ་སོགས་ཀྱི་བྱས་རྗེས་བཞག་གནང་ཡོད།
ཕྱོགས་མཚུངས་བོད་ཀྱི་གནད་དོན་དེ་བཞིན་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་ལངས་ཕྱོགས་བརྟན་པོ་ཞིག་ཏུ་གྱུར་ཐུབ་པ་དང། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་” Voice of America Tibetan Broadcast Service བོད་ཕྲུག་ཚོར་སློབ་ཡོན་ Tibetan scholarship program དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་བསྐོ་གཞག་གནང་རྒྱུ་སོགས་ལ་ལྕམ་སྐུ་མཆོག་གིས་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། དེ་བཞིན་ཁོང་གིས་བལ་ཡུལ་དང་རྒྱ་གར་ནང་དུ་ཡང་ཡང་ཕེབས་ཏེ་བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ཐུག་འཕྲད་གནང་བ་མ་ཟད། ༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཡོད། ལྕམ་སྐུ་མཆོག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བར་ཧོང་ཀོང་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ Foreign Correspondents’ Club in Hong Kong ནས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ Human Rights Press Award ཀྱང་ཕུལ་ཡོད།
ཐེངས་འདིར་ལྕམ་སྐུ་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་རྐྱེན་འགན་འཛིན་གཞོན་པ་བུ་ཆུང་ཀེ་ཚེ་རིང་ལགས་བར་སྐབས་ཀྱི་འགན་འཛིན་དུ་བསྐོ་གཞག་གནང་སྟེ། འགན་འཛིན་གསར་པ་བསྐོ་གཞག་ཆེད་རྒྱལ་སྤྱིའི་ཁྱོན་ཡོངས་ལ་འགན་འཛིན་གསར་པ་འཚོལ་གྲུབ་གནང་བཞིན་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤེལ་བའི་བསྒྲགས་གཏམ་ནང་འཁོད་ཡོད།