༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།
བསྟན་འཛིན་ཀུན་ཁྱབ་པས།
༄༅། ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་རྩོམ་པ་པོ་འདི་ཡིན་མེད་པ་ཞིག་གིས་”ཚེ་སྲོག་ལ་གཅེས་འཛིན་དང་ཁྲིམས་ལུགས་སྲུང་བརྩི་བྱ་དགོས་”ཟེར་བའི་རྩོམ་ཡིག་ཅིག་སྤེལ་འདུག་པ་ཉེ་ཆར་བལྟ་ཀློག་བྱེད་སྐབས། ཡ་མཚན་པ་ཞིག་ལ་ཆོས་ཁས་ལེན་མི་བྱེད་པའི་དམར་པོའི་གཞུང་འབྲེལ་དྲ་རྒྱའི་ཐོག་རང་ལུས་མེར་བསྲེགས་བཏང་བ་ཆོས་མཐུན་གྱི་བྱ་བ་ཡིན་མིན་སྐོར་འགྲེལ་བརྗོད་བྱེད་ པ་ནི་ལུགས་མཐུན་ཞིག་མིན་པ་ཁོ་རང་ཚོས་ཀྱང་ཤེས་གསལ་ཡིན། འོན་ཀྱང་ད་ཆ་འུ་ཐུག་ནས་མ་ཡིན་ཡིན་མདོག་གིས་ཆོས་བཤད་བྱེད་པ་འདི་ཁོ་པ་ཚོའི་འདོད་དོན་འགྲུབ་ཆེད་ཡིན་པས་དེ་ལ་བདེན་དོན་གྱི་ནུས་པ་སྤུ་ཙམ་མེད་པ་ཀུན་ཤེས་ ཡིན།
རང་ལུས་མེར་བསྲེག་བཏང་བ་འཚེ་བའི་བྱ་ལས་སུ་འགྲོ་དང་མི་འགྲོ་ནི་སེམས་ཀྱི་ཀུན་སློང་ལ་རག་ལུས་ཡོད། ཀུན་སློང་རང་རྒྱལ་གཞན་ཕམ་དང༌། གཏམ་སྙན་གྲགས་སོགས་ཉོན་མོང་ཆགས་སྡང་གི་གཞན་དབང་དུ་སོང་སྟེ་མི་ལུས་རིན་པོ་ཆེ་མེར་བསྲེགས་བཏང་ན། དེ་ནི་ནོར་བ་ཡིན། སྡིག་པའི་ལས་ཞེས་བརྗོད་ཆོག འོན་ཀྱང་ཀུན་སློང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་དང༌། རང་ལས་གཞན་གཅེས་པར་འཛིན་པའམ། རང་ལས་གཞན་རྩ་ཆེར་འཛིན་ཏེ་སྤྱི་ཚོགས་རང་དབང་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཆེད་རང་སྲོག་དོར་བ་ནི་ཆོས་སུ་འགྲོ་བར་མ་ཟད། བྱང་ཆུབ་སེམས་དཔའི་སྤྱོད་པའང་ཡིན། སྨོན་ལམ་གྱི་རྒྱལ་པོ་བསྟན་འབར་མ་ལས། བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང༌། འཚོ་བ་ཡོངས་སུ་བཏང་གྱུར་ཅིག། ཅེས་དང༌། རྟེན་འབྲེལ་སྟོད་པ་ལས། རྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག། ཅེས་དང༌། དེ་བཞིན། འདི་ཡི་ཕྱིར་དུ་ཁྱེད་ཀྱིས་ནི། ལ་ལར་སྐུ་དང་གཞན་དུ་སྲོག། སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། གྲངས་མེད་སྐལ་པར་ཡང་ཡང་བཏང༌། ཞེས་གསུང་པ་ལས་ཤེས་ཐུབ།
ང་ཚོའི་མི་ཐོག་འདིར་བསྟན་ལ་དད་ཅིང༌། ལྷག་བསམ་ཕུལ་བྱུང་གི་དགེ་འདུན་པ་མང་པོ་ཞིག་གིས་རང་གི་མཁན་པོར་སྡོམ་པ་ཕྱིར་འབུལ་གྱིས་རྒྱགས་རང་འཁུར་བྱས་ཏེ་བསྟན་སྲུང་དང་བླངས་དམག་གི་སྒྲིག་ཁོངས་སུ་ ཞུགས་ཏེ་ཕྱིའི་བཙན་འཛུལ་བར་ཕར་རྒོལ་གྱིས་གདོང་ལེན་གནང་བ་ང་ཚོས་ཤེས་གསལ་ཡིན། ཁོང་རྣམ་པའི་ཀུན་སློང་དང་དམིགས་ཡུལ་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྤྱིའི་བདེ་རྩའི་ཆེད་དུ་ཡིན་སྟབས། ཆོས་མཐུན་དང་རླབས་ཆེན་གྱི་བྱ་བ་ཞིག་ཡིན། དེ་ནི་འདས་པའི་ལོ་རྒྱུས་ར་སྤྲོད་ཆེད་གླེང་པ་ལས་སྐུལ་སློང་ཞུས་པ་མིན་ལ། དེ་ལྟར་ཞུ་འདོད་ཀྱང་གཏན་ནས་མེད།
བར་ལམ་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་གཙོ་འགྱུར་བོད་ཀྱི་ས་ཁུལ་ཁག་ནང་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་བཏང་བ་དེ་ནི་ཁོང་ཚོ་སྒེར་གྱི་ཁེ་ཕན་དང་སྙན་གྲགས་དོན་དུ་གཉེར་ནས་རང་སྲོག་དོར་བ་ཞིག་མ་ཡིན་པ་ནི་འབོད་ཚིག་དོན་ཚན་ཆེན་པོ་གསུམ་བསྒྲགས་པ་དེ་ནས་གསལ་པོ་བསྟན་ཡོད་པ་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས། སངས་རྒྱས་ཀྱི་བསྟན་པ་དང་བོད་དང་བོད་མི་རིགས་ཀྱི་ཐོབ་ཐང་རང་དབང༌། བོད་ཀྱི་སྐད་ཡིག་རིག་གཞུང༌། ཁོར་ཡུག་བཅས་པའི་གནས་སྟངས་ཉག་ཕྲར་གྱར་བ་ལས་སྐྱོབ་ཆེད་རང་ལུས་མེར་བསྲེགས་ ཀྱིས་རྒྱ་དམར་གཞུང་ལ་ཛ་དྲག་ཆེ་ཤོས་ཀྱི་རྒོལ་གླེང་བཏང་བ་དང༌། དེ་བཞིན་རྒྱལ་སྤྱིའི་ཐོག་ཏུའང་བོད་དོན་ལ་སྔར་བས་དོ་སྣང་དང་རྒྱབ་སྐྱོར་ཡོང་ཆེད་རེ་འདོད་ཆེ་ཤོས་ཀྱིས་འབོད་སྐུལ་ཞུས་པ་ཞིག་ཡིན་པས་ཆོས་དང་འགལ་མེད། དེ་ལྟར་བརྗོད་དོན་ནི་འདས་ཟིན་པའི་བྱ་བར་བདེན་དོན་གྱི་མཇུག་བསྡོམས་བྱས་པ་ལས། འབྱུང་འགྱུར་ལ་སྐུལ་བ་བཏང་བ་ཞིག་གཏན་ནས་མིན།
ཡང་གསལ་པོ་ཤེས་དགོས་པ་ཞིག་ལ། དེ་ལྟ་བུའི་ཐབས་ལམ་འདེམས་ཁ་བྱེད་པ་ནི་རྒྱ་མི་རིགས་ལ་ངོ་རྒོལ་དང༌། མི་དགའ་བའི་སྡང་ཟུག་བྱས་པ་རྩ་བ་ནས་མིན། དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་དང༌། དབང་འཛིན་པའི་མི་རིགས་དབྱེར་འབྱེད་ཀྱི་སྲིད་བྱུས་ངན་པར་དམིགས་ནས་བྱས་པ་ཞིག་ རེད།
ཕྱོགས་གཞན་ནས་བརྗོད་ན། རང་གི་ལུས་སྲོག་ལ་མི་གཅེས་པ་སུ་ཡང་མེད། ང་རང་ཚོའི་ལུས་ལ་ཚེར་མ་ཟུག་པ་དང༌། སྤོས་མེ་ཙམ་ཐུག་ནའང་སྐད་ངན་ཤོར་གྱི་ཡོད། ཁོང་རྣམ་པས་ན་ཟུག་གི་ཚོར་བ་དྲག་པོ་མྱོང་རྒྱུ་ཤེས་བཞིན་དུ་གཞན་ལ་འཚེ་བ་སྤངས་ཏེ་རང་ཉིད་ཀྱི་ལུས་ཧྲིལ་པོ་མེ་ལ་བསྲེགས་པ་འདི་ལས་སླ་པོ་ཞིག་རྩ་བ་ནས་མིན། གལ་ཏེ་ཁོང་རྣམ་པས་གཞན་ལ་འཚེ་བའི་ལས་སུ་མཇུག་འདོད་ཡོད་ན། ལུས་སྲོག་བློས་གཏོང་དེ་ལ་དཔག་པའི་རང་མེད་གཞན་མེད་ཀྱི་གོད་ཆགས་ཆེན་པོ་ཞིག་ བཟོ་ཐུབ་ངེས་ཡིན། འོན་ཀྱང་དེ་ནི་ཆོས་དང་འགལ་བར་བརྟེན་ཁོང་རྣམ་པས་དེ་ལྟར་གནང་མེད་པ་གསལ་པོ་ ཤེས་དགོས།
སྟོན་པའི་འཁྲུངས་རབས་ནང༌། སྐབས་འགར་བདག་གཞན་བརྗེ་བའི་བསམ་པས་སྟག་མོ་བཀྲེས་པས་མནར་ཏེ་རང་གི་ཕྲུ་གུ་ཟ་ལ་ཉེ་བའི་དུས། སྟག་མོར་སྐུ་ལུས་སྦྱིན་པ་བཏང་བ་དང༌། མི་ལྔ་བརྒྱའི་ལུས་སྲོག་སྐྱོབ་པའི་ཕྱིར་མི་ནག་མདུང་ཐུང་བསད་པའི་ལོ་རྒྱུས་ཡོད། གཞན་ཡང་རྒྱལ་དང་རྒྱལ་སྲས་རྣམ་པས་ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཐོག་ནས་མ་རུངས་པ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ་དང༌། མནན་བསྲེགས་འཕང་གསུམ་གྱི་ལས་ཐབས་ཀྱང་མཛད་ཡོད་པ་དེ་དག་ཐམས་ཅད་ཡང་དག་པ་མ་རེད་ཅེས་སུས་བརྗོད་ཐུབ། དཔེ་དེ་བཞིན་དུ་མང་པོའི་ཕྱིར་དང༌། གཞན་གྱི་ཆེད་དུ་རང་ཉིད་བློས་བཏང་བ་དེ་ཆོས་དང་འགལ་བ་རེད་ཅེས་ནམ་ཡང་བརྗོད་མི་ཐུབ།
རྒྱ་དམར་གྱིས་བོད་ལ་ཐོག་མར་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་ད་བར་མི་ལོ་༦༤ ཙམ་སོང་བ་དང༌། ༡༩༥༩ ལོར་བོད་ས་ཡོངས་རྫོགས་དྲག་པོའི་དབང་བསྒྱུར་བྱས་ནས་ད་བར་མི་ལོ་༥༤ འགྲོ་ཡི་ཡོད། དུས་ཡུན་དེའི་ནང་བོད་ལ་འཛུགས་བསྐྲུན་ཡར་རྒྱས་དང༌། ཞིང་བྲན་ལམ་ལུགས་བཅོས་བསྒྱུར། དབུལ་པོ་ཕྱུག་པོ་བཟོ་ལུགས། ཏང་ལ་ཡིད་ཆེས་རྒྱབ་སྐྱོར་ཡོད་ཚུལ། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་གསར་པ་བསྐྲུན་ཡོད་ཅེས་བརྒྱ་བཤད་སྟོང་བཤད་ཇི་ ཙམ་བྱས་ཀྱང༌། བདེ་སྐྱིད་ཀྱི་ཚད་གཞི་ནི་ལེགས་བཤད་ལས། རང་དབང་ཐམས་ཅད་བདེ་བ་དང༌། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཞེས་གསུང་ཡོད། གལ་ཏེ་བདེ་སྐྱིད་འདོད་པ་ཁེངས་པ་ཞིག་ཡོད་ན། རང་སྲོག་དོར་དོན་མེད། མི་དང་དུད་འགྲོའི་དབར་ཁྱད་པར་ནི། དུད་འགྲོ་ལ་ཟས་གྲོད་པ་འགྲང་ཙམ་ཞིག་དངརྐུབ་ཉི་མར་བསྟན་ཏེ་ལྷོད་སྡོད་བྱེད་ རྒྱུ་བྱུང་ན་དེས་འགྲིགས་ཀྱི་ཡོད། འོན་ཀྱང་འགྲོ་བ་མིར་རྣམ་དཔྱོད་ཡོད་པས། ཟས་གོས་ཙམ་གྱིས་མི་འགྲིགས་པར་རང་དབང་གི་ཐོབ་ཐང་དང༌། འདྲ་མཉམ་ངེས་པར་དགོས་ཀྱི་ཡོད།
རྩ་ཁྲིམས་ལ་མི་མང་གིས་སྲུང་བརྩི་ཞུ་དགོས་ན། གཞུང་སྲིད་ཁྲིམས་ལུགས་ལྟར་དབང་བསྒྱུར་བྱེད་དགོས། དེ་ལྟར་མིན་པར་གུང་ཁྲན་ཏང་གིས་གཅིག་སྡུད་དབང་བསྒྱུར་མུ་མཐུད་བྱས་ན། འཆམ་མཐུན་དང་བརྟན་ལྷིང་ཡོང་ཐབས་མེད། དེ་ནི་རྒྱལ་ཁབ་ཀྱི་རྒྱལ་སྲུང་འགྲོ་གྲོན་ལས། རྒྱལ་ནང་གི་བདེ་སྲུང་ཐོག་འགྲོ་གྲོན་མང་བ་གཏོང་དགོས་པ་དེ་ནས་ནང་ཁུལ་གྱི་དཀའ་རྙོག་ཐོག་དངངས་ཚབས་ཇི་ཡོད་ར་འཕྲོད།
བོད་མིས་རང་ལུས་མེར་བསྲེགས་བཏང་བ་ནི་བཙན་གནོན་གྱི་དབང་བསྒྱུར་ལ་ངོ་རྒོལ་བྱས་པ་ལས། དཔོན་རིགས་དང་ལས་བྱེད། དམག་སྒར། བཟོ་ལས་ཐོན་སྐྱེད་ཀྱི་རྟེན་གཞི་སོགས་གང་ལའང་གནོད་འཚེ་བྱས་པ་བྱུང་མེད། བོད་སྤྱིའི་བདེ་རྩའི་ཆེད་དུ་ཤི་གོ་ཆོད་པ་ཞིག་བྱས་བསམ་སྟེ་རང་སྲོག་བློས་བཏང་ གནང་ཡོད། ཁོང་རྣམ་པས་དྲག་སྤྱོད་པའི་བྱེད་སྟངས་ལྟར་རང་མེད་མི་མེད་ཀྱི་ལས་ཀ་གནང་མེད། དེ་ནི་རང་སྲོག་བཏང་བ་མཚུངས་ཀྱང༌། གཟི་བརྗིད་ལ་ཁྱད་པར་ཆེན་པོ་ཡོད།
ང་ཚོར་རྒྱུན་གཏན་ནས་སེམས་ནང་དངངས་ཚབས་ཆེན་པོ་ཞིག་ཡོང་གི་ཡོད་པ་ནི། རྒྱ་དམར་གཞུང་གིས་བོད་མིའི་དགོས་འདུན་ལ་ད་མུས་བཞིན་བདག་སྤྲོད་མི་བྱེད་པ་དང༌། རྒྱལ་སྤྱིའི་ཐོག་ནས་ཀྱང་དྲང་བདེན་ལ་རྒྱབ་སྐྱོར་ནུས་པ་ཐོན་པ་ཞིག་མ་བྱས་པར། སྟོབས་ཆེ་ཆུང་དང༌། ཁ་ཤུགས་ཆེ་ཆུང༌། ཧམ་པ་སུ་ཆེ་བཅས་པའི་དབང་དུ་སོང་སྟེ་བོད་མིའི་རེ་འབོད་ལ་སྣང་ཆུང་བྱེད་རྐྱང་འདི་མུར་གནས་ན། ཉི་མ་གཅིག་འུ་ཐུག་ནས་བོད་མིས་རང་མེད་མི་མེད་བཟོ་མི་སྲིད་པ་མིན། གང་ཡིན་ཟེར་ན། བོད་ཀྱི་གཏམ་དཔེར། ཁྱི་རྩིག་ཁུག་ལ་བཀར་ན། ཁ་ལོག་མི་རྒྱགས་ཀ་མེད་ཡིན། ཟེར་བ་བཞིན་སོ་ཡང་བརྒྱབ་སྲིད་པ་རེད། དེ་འདྲའི་ཐབས་སྡུག་གི་གནས་ཚུལ་མ་བྱུང་གོང་བོད་མིའི་རེ་འབོད་ལ་ངེས་པར་བསམ་གཞིགས་བྱེད་དགོས། དཔེར་ན། དྲག་སྤྱོད་འཇིགས་བསྐུལ་རིང་ལུགས་པ་ཟེར་བ་དེ་ཚོ་དང་པོ་ཉེད་ནས་རྒྱུ་མེད་ རྐྱེན་མེད་དུ་བྱུང་བ་ཞིག་གཏན་ནས་མིན། དེ་ནི་བྱེད་སྟངས་དྲང་པོ་མ་བྱུང་བ་དང༌། ཕྱོགས་ལྷུང༌། དབྱེ་འབྱེད། མཐོང་ཆུང་ཐུབ་ཚོད། མགོ་བསྐོར། གཉའ་གནོན་སོགས་བྱུང་རིམ་ལ་ཉེས་ཆད་དང༌། དཀའ་སྡུག་མྱོང་མཁན་ལ་བདེན་པའི་རྒྱབ་སྐྱོར་བྱེད་མཁན་མ་བྱུང་བའི་སྐབས་སུ་བློ་ཕམ་འ་ཆད་འུ་ཐུག་གིས་ཐབས་ལམ་དེ་འདྲ་ཞིག་ཐོག་མ་བསྐྱོད་ཐབས་མེད་བྱུང་བ་ལས། དགའ་བཞིན་སྤྲོ་བཞིན་དུ་ཉེན་ཁ་དང་དུ་བླངས་ཏེ་དྲག་སྤྱོད་ཀྱི་ལམ་ལ་ཞུགས་མཁན་ཡོང་མི་སྲིད། དེས་ན་བོད་མིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་ཞིབ་འཇུག་འཐིལ་ཕྱིན་བྱེད་པའི་དུས་ལ་བབས་ཡོད།
གལ་ཏེ་བོད་མིས་འཚེ་བའི་ལམ་ལ་ཞུགས་པ་ཡིན་ན། དེའི་འགན་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་འཁུར་དགོས་པ་སྨོས་ཅི། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། གྲངས་ཉུང་མི་རིགས་སྲུང་སྐྱོབ་ཚོགས་པ། གསར་འགྱུར་བརྒྱུད་ལམ་ཁག་དང་བཅས་པས་རང་འགན་ཇི་བཞིན་མ་བསྒྲུབས་པའི་འགན་འཁུར་ མཉམ་འཁྱེར་དགོས་པ་ཡིན།
ཕྱོགས་གཞན་ནས་བཤད་ན། ད་ལྟ་ྋརྒྱལ་བ་རིན་པོ་ཆེ་སྐུ་འཚོ་གཞེས་ཡོད་པའི་སྐབས་འདིར་གང་གི་རླབས་ཆེའི་དགོངས་གཞི་དང་བཀའ་ལ་བོད་མིའི་ངོས་ནས་བརྩི་བཀུར་ཞུས་ཏེ་དེ་དང་རྒྱབ་འགལ་གྱི་འཚེ་བའི་ལམ་དུ་འགྲོ་གི་མེད། དེ་ལྟར་ྋརྒྱལ་བ་རིན་པོ་ཆེ་སྐུ་འཚོ་གཞེས་ཀྱི་གོ་སྐབས་བཟང་པོ་ཡོད་པའི་སྐབས་ འདིར་རྒྱའི་དབུ་འཁྲིད་རྣམ་པས་བོད་ཀྱི་གནད་དོན་ལ་འཛིན་པའི་སྔར་སོང་ད་འགྲོའི་ གུ་དཽག་མཁྲེགས་བཟུང་གི་ལངས་ཕྱོགས་ཡོངས་སུ་དོར་ཏེ་རྣམ་དཔྱོད་ལྡན་པའི་ཕན་ཚུན་གཉིས་སྨན་གྱི་ཐབས་ལམ་ལ་བསམ་གཞིགས་གནང་ཐུབ་ན། བོད་རྒྱ་གཉིས་ཀར་འཕྲལ་ཕུགས་གཉིས་སྨན་ཡོང་རྒྱུ་ངེས་པ་ཡིན། དེ་མིན་བོད་རྒྱའི་དཀའ་རྙོག་གཙང་སེལ་མ་བྱུང་བར་བོད་མིའི་ཕྱོགས་ནས་ཁ་རོགས་སྡོད་ཐབས་ནམ་ཡང་མེད། གལ་ཏེ་རྒྱ་ཕྱོགས་ནས་ྋརྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་དུས་ཤིག་བྱུང་ན། དེ་ནས་བོད་རྒྱའི་དཀའ་རྙོག་མེ་རང་ཤི་དང༌། དུ་བ་རང་ཡལ་དུ་འགྲོ་རྒྱུའི་རེ་ངན་འཆང་གི་ཡོད་ཚེ། དེ་ནི་རྩིས་ལོག་དང་ཡོངས་སུ་སྟོང་བསམ་ཡིན་ཞིང༌། དེ་འདྲའི་དུས་ཤིག་ཤར་སྐབས་ད་མུས་ལྟར་རང་བསྲེག་མི་བྱེད་པར་ལུས་སྲོག་བཏང་ནས་གཏོང་གོ་ཆོད་པ་ཞིག་བྱེད་ངེས་ཡིན་པ་ཚོད་དཔག་བྱེད་མི་ཐུབ་པ་མེད།
དེ་བཞིན་རང་ལུས་མེར་བསྲེགས་ཀྱི་རྒྱབ་ཏུ་ྋགོང་ས་ཏཱ་ལའི་བླ་མ་ཡོད་ཚུལ་རྒྱ་གཞུང་རང་གི་བྱས་ཉེས་གཞན་ལ་ཁག་འཕངས་ལག་ཕྱིས་བྱེད་ཆེད་གཡོ་རྫུན་གྱི་རྒྱུ་མཚན་བཀོད་པ་ནམ་ཡང་ཁུངས་འཁྱོལ་ཐབས་མེད། རྒྱལ་སྤྱིའི་ཐོག་དེ་འདྲའི་དྲིལ་བསྒྲགས་ལ་ཁ་ཡ་བདག་སྤྲོད་བྱེད་མཁན་མེད་ནའང༌། རྒྱ་ནག་ནང་ཁུལ་དུ་རང་དབང་གི་གསར་ཤོག་དང༌། མང་ཚོགས་ལ་སྨྲ་བརྗོད་ཀྱི་རང་དབང་མེད་སྟབས་དེ་ལྟར་བཤད་ནས་མི་མང་ལ་མགོ་སྐོར་ གཏོང་གི་ཡོད་པ་རེད། གལ་ཏེ་ཡིད་ཆེས་འཕེར་བའི་གནས་ཚུལ་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡོད་ན། གདིང་ཚོད་དང་སྤོབས་པའི་ངང་ཡོངས་བསྒྲགས་ཐེར་འདོན་བྱེད་དགོས། རྫུན་བཤད་ཀྱིས་མགོ་སྐོར་གཏོང་ཚོད་མ་བྱས་ན། རྒྱ་ནག་མི་མང་ཡང་རང་གི་གཞུང་དང་ལས་བྱེད་པར་ཡིད་ཆེས་བརླག་རྒྱུ་དེ་ནེ་བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་ཡིན་པ་ཤེས་པ་བྱེད་དགོས།
འདས་པའི་ལོ་ཤས་ནང་རྒྱ་ནག་གི་ས་ཁུལ་ཁག་ནང་ངོ་རྒོལ་སྟོང་ཕྲག་བརྒལ་བ་བྱུང་ཡོད། རང་སྲོག་བཅད་པ་དང༌། སྲོག་ཐོག་ཉེས་ཆད་བཏང་བ་འཛམ་གླིང་ནང་མང་ཤོས་ཡིན་པ་དེ་དག་ཀྱང་ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་འབྲེལ་བ་ཡོད་པའམ། བརྒྱུད་བསྐུལ་གནང་བ་ཞིག་ཡིན་ནམ། འཆར་ཅན་ལྟར་ནང་ཁུལ་གྲ་མ་འགྲིགས་པ་བྱུང་ན། ལམ་སེང་ཕྱི་ལ་ཁག་དཀྲི་བྱེད་པ་དེ་ཆབ་སྲིད་ཁྲམ་པའི་གཡོ་བྱུས་རེད། དེ་ལྟར་རང་མགོ་རང་གི་སྐོར་བའི་སྲིད་བྱུས་ལ་འགྱུར་བ་བཏང་ནས་དངོས་ཐོག་བདེན་འཚོལ་ཐོག་འགྲོ་ཐུབ་ན་དགའ་བསུ་ཡོད།
མདོར་ན། བོད་ཀྱི་མི་འབོར་ལ་གཞིགས་ན། བོད་མི་རང་ལུས་མེར་བསྲེག་མཁན་གྱི་གྲངས་འབོར་ཧ་ཅང་མཐོ་པོ་ཡིན། དེ་ལྟར་བོད་སྤྱི་པའི་དོན་དུ་ལྷག་བསམ་དང་སྙིང་སྟོབས་ཡོད་མཁན་གྱི་མི་མེད་པར་ གྱུར་བ་ཤིན་ཏུ་ཕང་པོ་ཡིན་པས། རྒྱ་ནག་གི་འགོ་འཁྲིད་གསར་པའི་རྣམ་འགྱུར་དང༌། སྲིད་བྱུས་འཛིན་ཕྱོགས་ལ་བསམ་གཞིགས་བྱེད་པའི་དུས་ཚོད་སྡང་ངེས་ཤིག་སྤྲོད་ཆེད་ངང་འཐེན་ཡོང་བའི་རེ་བསྐུལ་ཤུགས་དྲག་ཞུ་བཞིན་ཡོད།