༢༠༡༣ ཟླ་ ༦ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ ཉིན་བོད་ཀྱི་སྨན་རྩིས་ཁང་གིས་གོ་སྒྲིག་ཐོག་སྨན་རྩིས་ཁང་ཚོགས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཞིག་དབུ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཤེས་ཡོན་སློབ་གསོའི་མཁས་དབངའབུམ་རམ་པ་སྐུ་ཞབས་ཨ་རུན་ཀ་པུར་ (Dr. Arun Kapur) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གདན་ཞུས་གཏམ་བཤད་གནང་མཁན་རྣམ་པ། རྡ་ས་ཁུལ་གྱི་རིག་གཞུང་བསྟི་གནས་ཁང་ཁག་གི་འགན་འཛིན་རྣམ་པ། སྨན་རྩིས་ཁང་གི་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་གི་འགན་འཛིན་སྨན་པ་རྣམ་པ། འབྲེལ་ཡོད་ལས་བྱེད་དང་སྨན་སློབ་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་རྗེས་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་ཆེད་སྐུ་བཞེངས་ཐོག་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་སྒྲུབ་བསྟུན་གཡུ་ཐོག་གསོལ་འདེབས་གསུང་འདོན་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དོན།
བགྲོ་གླེང་ཚོགས་ཆེན་འདིའི་དམིགས་ཡུལ་ནི། ཕྱི་དངོས་པོ་ཁོ་ནར་བློ་ཁ་ཡོངས་སུ་ཕྱོགས་པའི་འགྲན་རྩོད་དང་འབྲེལ་བའི་ཚུལ་མིན་རྣམ་རྟོག་གི་ཤུགས་རྐྱེན་ལ་བརྟེན་ནས་སེམས་ཁམས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། སེམས་ཁམས་བདེ་སྲུང་དང་། སེམས་ཁམས་ལེགས་བཅོས་གཙིགས་སུ་བཟུང་སྟེ་རྒྱ་ཁྱབ་ཀྱི་སློབ་གསོ་དང་ངེས་དོན་གྱི་ལག་ལེན་གཉིས་དངོས་འགྱུར་ཡོང་ཐབས་བྱ་རྒྱུ་དེ་ནི་གཡོལ་ཐུབ་མེད་པའི་ཛ་དྲག་ལས་དོན་ཞིག་ཏུ་གྱུར་ཡོད། དེ་ཡང་ཆེས་གལ་འགངས་ཆེ་བའི་བསམ་བློའི་ཀུན་སྤྱོད་དང་འབྲེལ་བའི་ཤེས་ཡོན་སྤྱི་དང་། ཁྱད་པར་སེམས་ཁམས་འཕྲོད་ལས་དང་འབྲེལ་བའི་སློབ་གསོ་དང་ལག་ལེན་ཡར་རྒྱས་གོང་འཕེལ། སེམས་ཁམས་ནད་བཅོས་ཀྱི་བགྱིད་སྒོ་ཚད་ལྡན་དང་རང་སྐྱ་ཐུབ་པའི་སྒྲོམ་གཞི་གསར་གཏོད་བྱེད་དགོས་ན། སྔར་ཡོད་བོད་ལུགས་གསོ་རིག་སེམས་ཁམས་ནད་བཅོས་སྟེང་མདོ་རྒྱུད་བཀའ་བསྟན་གཞུང་ལུགས་ཁག་དང་དེང་གི་རིག་གསར་སེམས་ཁམས་ནད་བཅོས་བཅས་ནས་དགོས་ངེས་ལེགས་ཆ་བསྡུ་ལེན་བྱ་དགོས་ལ། སྲོལ་རྒྱུན་སེམས་ཁམས་འཕྲོད་ལས་དང་འབྲེལ་བའི་སློབ་གསོ་ཁག་མེས་པོ་གོང་མ་དག་གིས་བཀའ་གཏད་མན་ངག་དང་། གསང་གསུམ་ལག་ལེན་ཇི་བཞིན་རྒྱུད་འཛིན་དར་སྤེལ་དང་འབྲེལ་ནད་ཐོག་ཞིབ་འཇུག་དགོས་པ་མ་ཟད། གནའ་དེང་སེམས་ཁམས་བདེ་གནས་དང་གསོ་བཅོས་ཐབས་ལམ་ཁག་གཅིག་ཕན་གཅིག་གྲོགས་སུ་བསྟེན་ཏེ་གསར་གཏོད་ཀྱི་སློབ་གསོའི་རྨང་གཞི་གཏིང་ཐུབ་པའི་ཚོད་ལྟའི་ཞིབ་འཇུག་ཡོང་བའི་རེ་བ་དང་། དེ་ནས་རིམ་པས་གཞི་རྩའི་རྨང་གཞི་དང་ཉམས་མྱོང་ཟུང་དུ་འབྲེལ་ནས་ལག་ལེན་དངོས་ཀྱི་དགོས་མཁོར་བསྒྱུར་ཐབས་བྱ་རྒྱུ་ནི་བགྲོ་གླེང་འདིའི་དགོས་པ་དངོས་ཡིན།
མདོར་ན། བགྲོ་གླེང་འདི་ཀུན་ཕན་ཀུན་སྤྱོད་སྤྱི་དང་སེམས་ཁམས་འཕྲོད་ལས་ཙམ་དུ་མ་ཟད། སྤྱི་ཚོགས་བདེ་འཇགས། ཁོར་ཡུག་སྲུང་སྐྱོབས་ལ་ཡང་ལྟོས་གྲུབ་ཀྱི་རང་བཞིན་ལྡན་ཞིང་། དངོས་བརྒྱུད་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ལགས་ན། བགྲོ་གླེང་འདིར་བཞུགས་གནང་བའི་མཁས་དབང་རྣམ་པའི་གསུང་བཤད་ཁག་དང་ཚོགས་བཅར་བ་རྣམས་པའི་དགོངས་ཚུལ་ཅི་ཡོད་གནད་དོན་འདིར་སྨིན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས། གསུང་བཤད་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན།
དེང་སྐབས་སྤྱི་ཚོགས་ནང་འཚོ་བའི་གོམས་གཤིས་ལ་བརྟེན་ནས་མི་རྒན་པ་ཙམ་མ་ཟད། ཕྲུ་གུ་ཚོ་ལའང་བསམ་བློའི་འཕྲོད་བསྟེན་གྱི་དཀའ་ངལ་དང། (Mental Health Problem) མྱོས་རྫས་ངན་གོམས། (Addiction) སེམས་ངལ། (Emotional Stress) དེ་བཞིན་སེམས་ཚོར་ལ་སྟངས་འཛིན་བྱེད་མ་ཐུབ་པ་ (Impulse control disorder) སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། དཔེར་ན། དེང་སྐབས་སྤྱི་ཚོགས་ནང་འཚོ་བའི་གོམས་གཤིས་ལ་བརྟེན་ནས་མི་མང་པོར་གཅིན་སྙིའི་ (Diabetes) ན་ཚ་ཡོང་བཞིན་པ་ལྟར་ཆགས་ཡོད། ངས་བསམས་པར་དཀའ་ངལ་དེ་དག་ནི་ཉིན་རེའི་འཚོ་བའི་གོམས་གཤིས་ལ་བསྟེན་པ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་སེལ་ཆེད་རྩ་བ་གང་ཡིན་ཞིབ་རྩད་ཀྱིས་རྩ་བ་ནས་མེད་པ་བཟོ་དགོས། དེར་བརྟེན་ང་ཚོས་བྱིས་པ་འཚར་ལོངས་བྱེད་བཞིན་པའི་སྐབས་ཤེས་ཡོན་ཚད་ལྡན་ཞིག་སྤྲད་དེ་འཚོ་བའི་གོམས་གཤིས་ལ་བརྟེན་པའི་ན་ཚ་དེའི་རིགས་རྩ་མེད་བཟོ་ཐུབ། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྨན་རམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་དབུ་འབྱེད་མཛད་གྲོལ། ད་ཐེངས་བགྲོ་གླེང་ཉིན་གསུམ་རིང་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་གསར་རྙིང་མང་པོའི་སྙིང་བཅུད་བསྡུ་ལེན་གྱིས་འགྲོ་བ་མིའི་ལུས་སེམས་འཕྲོད་བཞེས་ལ་ཚད་མཐོའི་ཞབས་འདེགས་ཞུ་ཐབས་བྱ་རྒྱུ་དང་། བརྗོད་གཞི་གཙོ་བོ་དོན་གནད་ལྔ་ནི།
༡༽ལུས་སེམས་སྲོག་གི་ངོས་འཛིན་དང་གནས་ལུགས་སྤྱིའི་སྐོར། ༢༽ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར། ༣༽ལུས་སེམས་སྲོག་གི་འབྲེལ་བའི་སྐོར། ༤༽ལུས་སེམས་སྲོག་གི་འཁྲུགས་རྐྱེན་སྐོར། ༥༽ལུས་སེམས་ལ་ནད་བཅོས་བྱེད་སྟངས་སྐོར་བཅས་རེ་རེའི་སྟེང་བོད་ཀྱི་ནང་དོན་རིག་པ་དང། བོད་ཀྱི་གསོ་བ་རིག་པ། བོད་ཀྱི་རྩིས་རིག་པ། གཞན་ཡང་དེང་གི་རིག་གསར་ཚན་རིག་པ་བཅས་ཀྱི་བཞེད་ཚུལ་སྙིང་དུ་བཟུང་སྟེ་བགྲོ་གླེང་གནང་མཁན་ཨ་རི་ནས་ཕྱི་རྒྱལ་བ་བཞི་དང་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པ་བཞི། རྡ་སའི་སྒྲོལ་མ་གླིང་བཙུན་དགོན་ནས་བཙུན་མ་གཅིག སྨན་རམས་པ་དང་རྩིས་རམས་པ་ལྔ་རེ་བཅས་གཏམ་བཤད་གནང་མཁནཉི་ཤུས་སོ་སོས་གསུང་བཤད་རྗེས་ཚོགས་བཅར་བས་དྲི་ལན་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་འདུག