༢༠༡༣ ཟླ་ ༦ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་འཁོད་གནས་མཆོད་འབུལ་གསལ་བསྒྲགས་འབྱོར་དོན་ལྟར། བསུ་ན་མདའ་བཀྲ་ཤིས་གླིང་ས་གནས་མི་མང་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༣ ཟླ ༦ ཚེས ༡༨ ཉིན་རྒྱབ་ཆུ་ཚོད ༤ ནས ༥ བར་ས་གནས་མི་མང་ངོ་གྲངས་ ༤༠ ཙམ་དང་། གུང་སེང་ལ་མ་ཕྱིན་པའི་སློབ་ཕྲུག ༣༠ བཅས་ཁྱོན་མི་གྲངས་ ༧༠ ཙམ་མི་མང་ཚོགས་ཁང་ནང་མཉམ་འཛོམས་ཐོག ས་གནས་འགོ་འཛིན་གྱིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་གཞིས་ལུས་རང་རིགས་རྒྱལ་གཅེས་པ་ཕོ་མོ་སྐྱ་སེར་རྒན་གཞོན་བར་གསུམ་བསྡོམས་མི་གྲངས ༡༡༩ ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་བའི་འདས་པོ་དང་འདས་མོ་དམ་པ་དེ་དག་དང་དེ་མིན་གཞིས་ལུས་རྣམས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་ཚོགས་དགོས་པའི་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས། དེ་རྗེས་མང་ཚོགས་དང་སློབ་ཕྲུག་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་གསོག་སྒྲུབ་ཞུས།
དེ་བཞིན་གོང་ཚེས་ཉིན་གཞིས་མི་དང་སློབ་ཕྲུག་བསྡོམས་མི་གྲངས ༧༠ ཙམ་མཉམ་འཛོམས་ཐོག་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་ཞལ་གྲངས་ ༤༣༠༠༠ ཙམ་གསོག་སྒྲུབ་གནང་ཡོད་པ་བཅས། །