༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ཉིན་ཕྱི་དྲོ་ཐེ་ཝན་ཧྥུ་རོང་གསོལ་མགྲོན་ཁང་དུ་ཐེ་ཝན་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་ཚོགས་པ་ཞེས་པ་ནས་ཕྱོགས་སྒྲིག་གནང་བའི་༼རྒྱ་ནག་གི་ཆགས་འཇིག་༽ཅེས་པའི་དཔེ་དེབ་གཅིག་དབུ་འབྱེད་གནང་ཡོད།
དེ་ཡང་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། ཚོགས་པའི་འགན་ཁུར་སྐུ་ཞབས་ཡཱང་ཤན་ཧུང་ལགས་ཀྱིས་འབོད་སྐུལ་གནང་དོན་ལྟར་དུས་ཚོད་དམ་འཛིན་གྱི་རྩོམ་ཡིག་བྲིས་པ་ཡིན་ལ། ཁོང་གིས་བོད་ཀྱི་ཆབ་སྲིད་བཙོན་པའི་མིང་གཞུང་བསྡུ་རུབ་བྱས་ནས་གྲོས་ཚོགས་ནང་གྲོས་ཆོད་བཞག་པ་སོགས་ཀྱི་ལས་དོན་ནང་འབད་བརྩོན་དང་དཀའ་ལས་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་པར་བརྟེན། བོད་ནང་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། དེ་བཞིན་ཐེ་ཝན་དང་། ཡུ་གུར་སོགས་གནད་དོན་མང་པོའི་འབྱུང་རྩ་ནི་རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པས། ཚང་མས་གཅིག་ཕན་གཅིག་གྲོགས་དང་མཉམ་རུབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
གཞན་ཡང་ཐེ་ཝན་མཐུན་སྒྲིལ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། ཐེ་ཝན་གཞུང་ཞབས་ལས་དོན་ལྷན་ཁང་གི་འགན་འཛིན་ཟུར་པ། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་སོགས་ནས་གསུང་བཤད་གནང་གྲུབ་རྗེས། རྒྱ་ནག་གི་དོ་དམ་འོག་ནས་ཨ་རིར་ཉེན་གཡོལ་དུ་ཕེབས་པ་ཁྲིམས་རྩོད་པ་མིག་ལོང་བ་ཅན་སྐུ་ཞབས་གྲན་ཀོང་གྲེན་ལགས་དང་། ཐེ་ཝན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་གྱི་ཚོགས་པའི་འགན་འཛིན་སྐུ་ཞབས་ཡཱང་ཤན་ཧུང་ལགས་རྣམ་གཉིས་ནས་དེབ་འདི་ཕྱོགས་སྒྲིག་གནང་བའི་བརྒྱུད་རིམ་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་སྐབས། སྐུ་ཞབས་ཡཱང་ཤན་ཧུང་ལགས་ཀྱིས་གསུང་དོན། དེབ་འདི་གཙོ་བོ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཡིན་པ་མ་ཟད། རྒྱ་ནག་གི་བཙོན་ཁང་ནང་ཡོད་ཅིང་དཔང་རྟགས་ཁུངས་འཕེར་ཐུབ་པའི་ཆབ་སྲིད་བཙོན་པ་མི་གྲངས་བཞི་སྟོང་ལྷག་གི་མིང་གཞུང་བསྡུ་རུབ་ཐུབ་སྟེ། ཐེངས་དང་པོར་ཐེ་ཝན་གྲོས་ཚོགས་ནང་གོང་གསལ་ཆབ་སྲིད་བཙོན་པར་སེམས་འཁུར་དགོས་པའི་གཞུང་འབྲེལ་གྲོས་ཆོད་བཞག་ཐུབ་པ་སོགས་བརྒྱུད་རིམ་ངོ་སྤྲོད་གནང་རྗེས། ཁོང་གིས་མུ་མཐུད་གསུང་གསལ། དེབ་བཏོན་ཐུབ་པ་ཙམ་གྱིས་མ་འགྲིག་པར་ལས་རིམ་གཉིས་པར་དོན་དངོས་ཐོག་ནས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས།
ཁྲིམས་རྩོད་པ་གྲན་ཀོང་གྲེན་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་རྒྱ་ནག་ནང་ཆེས་གདུག་རྩུབ་ཀྱི་མནར་གཅོད་གཏོང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་བ་དང་། ཕྱི་ཕྱོགས་ནས་རྒྱ་ནག་ནང་གི་ཞིབ་ཕྲའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་རེད་འདུག་པས། དེའི་ཐོག་དོ་སྣང་དགོས་པའི་འབོད་སྐུལ་སོགས་གནང་ཡོད། སྤྱིར་༼རྒྱ་ནག་གི་ཆགས་འཇིག་༽ཅེས་པའི་དེབ་འདི་ས་བཅད་ཆེ་བ་ཁག་བཞི་ལ་དབྱེ་ཡོད་པ་དང་། ས་བཅད་དང་པོ། འགྲོ་བ་མིའི་ཐོབ་ཐང་སྐོར་དང་། ས་བཅད་གཉིས་པ། རྒྱ་ནག་གི་སྐོར་ཡིན་པ་མ་ཟད། རྩོམ་པ་པོ་ཚང་མ་ད་ཆ་རྒྱ་ནག་ནང་ཡོད་པ་དང་། ས་བཅད་གསུམ་པ། ཕྱི་རོལ་དང་བཙན་བྱོལ་སྐོར་ཡིན་ཞིང་། རྩོམ་པ་པོ་ནི་བོད་མི་བཙན་བྱོལ་བས་གཙོས་ཕྱི་ལ་གནས་པའི་རྒྱ་ནག་མང་གཙོ་དོན་གཉེར་ཅན་སོགས་དང་། ས་བཅད་བཞི་པ། ཐེ་ཝན་གྱི་རྒྱབ་སྐྱོར་ཅེས་པའི་ནང་རྩོམ་པ་པོ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། དགེ་རྒན་ཆེན་མོ་སོགས་ཡིན་ཞིང་། ཁྱོན་རྩོམ་ཡིག་གྲངས་ ༧༨ ཙམ་བཀོད་ཡོད་པ་རེད། དེབ་ཀྱི་གླེང་བརྗོད་ནི་ཐེ་ཝན་སྲིད་འཛིན་ཟུར་པས་བྲིས་ཡོད་པ་མ་ཟད། དེབ་ཀྱི་ཟུར་རྒྱན་དུ་ཐེ་ཝན་གྲོས་ཚོགས་ནང་རྒྱ་ནག་གི་གདུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པར་སེམས་འཁུར་དགོས་པའི་གཞུང་འབྲེལ་གྲོས་ཆོད་བཀོད་ཡོད་ཅིང་། ཆབ་སྲིད་བཙོན་པ་མི་གྲངས་བཞི་སྟོང་ལྷག་གི་ཐོ་གཞུང་ཁོངས་སུ་ཐེ་ཝན་དོན་ཁང་ནས་མཁོ་སྤྲོད་གནང་བའི་བོད་ཀྱི་ཆབ་སྲིད་བཙོན་པའི་ཐོ་གཞུང་དང་། བོད་མི་རང་ལུས་མེར་སྲེག་གི་གྲངས་ཐོ་ཡང་ཚུད་ཡོད་པ་བཅས།།