༢༠༡༣ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།
༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཨ་མི་རི་ཀའི་སི་སི་པེན་(C-Span)བརྙན་འཕྲིན་ལས་ཁང་གིས་བོད་སྐོར་གྱི་བཅར་འདྲིར་དང་ལེན་གནང་ཡོད།
དེ་ཡང་ཨ་རིའི་བརྙན་འཕྲིན་ལས་ཁང་སི་སི་པེན་གྱིས་སྲིད་སྐྱོང་མཆོག་ལ་བོད་ཀྱི་ད་ལྟའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོརགནས་སྟངས་སྤྱི་དང། ལྷག་པར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས།
དེ་བཞིན་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མའི་གཞུང་འཛིན་གྱིས་བོད་དང་རྒྱ་ནག་གི་ཐོག་ལ་འཛིན་པའི་སྲིད་ཇུས་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད་ཅིང། སྐབས་དེར་སྲིད་སྐྱོང་མཆོག་གིས་བཅར་འདྲི་ཁག་ལ་ལན་འདེབས་བརྙན་འཕྲིན་ཐོག་གནང་ཡོད་པ་མ་ཟད། ཁ་པར་དང། དྲ་རྒྱ་བརྒྱུད་དྲི་བ་ཞུས་པ་རྣམས་ལ་ཡང་ལན་འདེབས་གནང་ཡོད།
སྤྱིར་ཨ་རིའི་བརྙན་འཕྲིན་སི་སི་པེན་ནི་དུས་རྒྱུན་དུ་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་གནད་དོན་བཏོན་ས་
ཞིག་ཡིན་པ་དང། དཔེར་ན། ཨ་རིའི་གྲོས་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་ཡོངས་རྫོགས་དང་ཨ་རིའི་གཞུང་གི་ལས་དོན་ཐོག་བགྲོ་གླེང་དང་ཚོགས་འདུ། དེ་བཞིན་སྤྱི་ཚོགས་ཀྱི་ལས་དོན་དང་འཆར་གཞི་སོགས་བརྙན་འཕྲིན་དེ་བརྒྱུད་མི་མང་གི་བལྟ་ཐུབ་རྒྱུ་ཡོད། བརྙན་འཕྲིན་འདི་ནི་སྒེར་གྱི་གསར་འཛུགས་གནང་བའི་ཚོང་ལས་ཁེ་ཕན་མེད་པ་ཞིག་ཡིན་པ་དང། བརྙན་འཕྲིན་ལས་ཁང་འདི་ནི་ཕྱི་ལོ་ ༡༩༧༩ ལོར་གསར་འཛུགས་གནང་སྟེ་ཨ་རིའི་མི་མང་རྣམས་ལ་གཞུང་དང་གྲོས་ཚོགས་ཀྱི་སྤྱི་ཚོགས་ལས་དོན་དང་འཆར་གཞི་ཁག་གཟིགས་ཐུབ་རྒྱུའི་མཐུན་འགྱུར་བསྐྲུན་པ་ཞིག་ཡིན་པ་བཅས།།